ཝང་ཅུན་ཀྲེང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ལིན་རུའེ་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ལིན་རུའེ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ལིན་རུའེ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལིན་རུའེ་དང་བཅས་པར་དགའ་བསུ་ཞུས་པ་དང་སྦྲགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་མུ་མཐུད་མཛུབ་ཁྲིད་བྱས་ནས་བོད་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལིན་རུའེ་ཡིས་བོད་དུ་བརྟག་ཞིབ་གནང་བར་ཕེབས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་འགན་ནུས་སྔར་བས་འདོན་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
བཞུགས་མོལ་མ་གནང་གོང་། ཝང་ཅུན་ཀྲེང་དང་ལིན་རུའེ་རྣམ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝང་ཅུན་ཀྲེང་གིས། འབྲེལ་ཡོད་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་། གཙོ་གནད་མངོན་གསལ་དོད་པ། ཁྱད་ཆོས་མངོན་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་། ཟུར་ཚད་མང་པོ། ཕྱོགས་བསྡུས་བཅས་ཀྱི་ཐོག་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་ཐུགས་ཁུར་གང་ལེགས་མངོན་པ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་གང་ལེགས་མངོན་པ་བཅས་བྱེད་དགོས། རང་འགུལ་ངང་མདུན་དུ་ཞབས་ཞུ་དང་། དུས་ཐོག་རྗེས་སྙེག་གི་ཞབས་ཞུ། གནད་སྨིན་ཞིབ་ཚགས་ཀྱི་ཞབས་ཞུ་བཅས་འགྲེམས་སྟོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་དང་། དྲ་ཐོག་དང་དྲ་ཕྱིའི་མཐུན་སྦྱོར་དྲིལ་བསྒྲགས་ལ་སྣང་ཆེན། ཞིབ་ཕྲའི་ཐད་འབད་བརྩོན་བྱེད་པ་དང་ཞིབ་ཕྲའི་ཐད་ནས་སྤུས་ཚད་མངོན་པ་བཅས་བྱས་ཏེ་འགྲེམས་སྟོན་ལ་ཕན་འབྲས་ཡག་ཤོས་ཐོབ་པའི་བརྩོན་ལེན་བྱེད་དགོས། འགྲེམས་སྟོན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལྷུ་ཚིགས་དང་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲུབ་འབྲས་འགྲེམས་སྟོན་ཕྱོགས་ཡོངས་ནས་བྱེད་པའི་དམིགས་ཚད་གང་མགྱོགས་མངོན་འགྱུར་གྱིས་འགྲེམས་སྟོན་གྱི་གྲུབ་འབྲས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།