དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག

    (2024ལོའི་ཟླ་5ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14


    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། མི་ཤུགས་ཐོན་ཁུངས་ཁྲོམ་ར་སྐྱོང་སྤེལ།

    ལེའུ་གསུམ་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས།

    ལེའུ་བཞི་པ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་བྱེད་སྒོའི་ཚད་གཞི།

    ལེའུ་ལྔ་པ། ལྟ་སྐུལ་དོ་དམ།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་བྱེད་སྒོ་ཚད་ལྡན་བཟོ་བ། དེ་བཞིན་ལས་ཀ་འཚོལ་མཁན་དང་། མི་སྤྱོད་ཚན་པ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྐྱོང་སྤེལ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་པ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་བརྒྱུད་དེ་ལས་ཀ་འཚོལ་བ་དང་། གདན་ཞུ་བྱེད་པ། ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས།

    དོན་ཚན་གསུམ་པ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་ཁྲིམས་མཐུན་དང་། ཡིད་རྟོན། ཡོངས་བསྒྲགས། འདྲ་མཉམ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།

    དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་གོང་འཕེལ་གཏོང་རྒྱུ་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་ནས། གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཐོག གཅིག་གྱུར་སྒོ་དབྱེ་དང་རིམ་ལྡན་འགྲན་རྩོད་བྱེད་པའི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་འཛུགས་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དོ་དམ་ལས་དོན་གྱི་འགན་ཁུར་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕེལ་སྒྱུར་དང་། སྤྱི་བདེ། སློབ་གསོ། དཔལ་འབྱོར་དང་ཆ་འཕྲིན་ཅན། དམངས་སྲིད། ནོར་སྲིད། ཞིང་ལས་དང་གྲོང་གསེབ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན། ཚོང་དོན། ཁྲོམ་རར་ལྟ་སྡོམ། དཔྱ་ཁྲལ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་འཁྲིའི་འགན་ཁོངས་ནང་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རར་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རར་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    བཟོ་ཚོགས། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་ངོས་ཀྱི་ལེགས་ཆ་གང་ཡོད་བཏོན་ནས། སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ཞབས་ཞུ་སྒྲུབ་ཏུ་བཅུག་སྟེ་ལས་བཟོ་མང་ཚོགས་དང་། གཞོན་ནུ། བུད་མེད། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་དང་རོགས་རམ་བྱེད་དགོས།

    དོན་ཚན་དྲུག་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་སྒྲིག་ཡིག་བཅས་ཀྱི་གཏན་འབེབས་གཞིར་བཟུང་། ལས་རིགས་ཀྱི་རང་འདོམས་ཚད་གཞི་བཟོ་བ་དང་། ལས་རིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚོགས་ཞུགས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་བྱེད་སྒོར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ་བཅས་ཀྱི་ཐོག་ནས། ཚོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱས་ཏེ། ཚོགས་མིའི་རེ་ཞུ་སྙན་སེང་ཞུས་ནས་ལས་རིགས་ཁག་དྲང་གཞག་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་མཐུན་ཚོགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

    དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་འབྲེལ་ཡོད་ལས་དོན་ཁྲོད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་སྡེ་ཚན་དང་མི་སྒེར་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྐྱོང་སྤེལ།

    དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྐྱོང་སྤེལ་དང་གོང་འཕེལ་བཏང་སྟེ། སྲིད་གཞུང་གིས་གཞི་ཆེའི་སྟངས་འཛིན་བྱེད་པ་དང་། ཁྲོམ་རའི་ཐོག་དྲང་གཞག་འགྲན་རྩོད་བྱེད་པ། ཚན་པས་རང་ཐག་རང་གཅོད་ཀྱིས་མི་སྤྱོད་བྱེད་པ། མི་སྒེར་གྱིས་རང་མོས་ལྟར་ལས་ཀ་འདེམས་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ཡིད་རྟོན་ཞབས་ཞུ་སྒྲུབ་པ་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་འཁོར་རྒྱུག་བགོ་སྒྲིག་ལམ་སྲོལ་བཙུགས་ནས། རང་མོས་དང་གོ་རིམ་ལྡན་པའི་ངང་མི་ཤུགས་ཐོན་ཁུངས་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་དགོས།

    དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ས་ཁོངས་དང་། ཐོན་ལས། ས་ཆ། སློབ་གསོ། ནོར་སྲིད། དངུལ་རྩ། ལས་ཞུགས་ལས་གཏོད་སོགས་ཀྱི་སྲིད་ཇུས་བཟོ་འདོན་བྱེད་པ་མ་ཟད་དོན་འཁྱོལ་བྱས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྐྱོང་སྤེལ་དང་གོང་འཕེལ་བཏང་ནས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་གཙོ་གནད་ཐོན་ལས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ནོར་སྲིད་ཀྱི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བཏང་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས།

    མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་འཛུགས་སྐྱོང་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུར་སྐུལ་མ་གཏོང་དགོས།

    དོན་ཚན་བཅུ་གཅིག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་གྲོང་གསེབ་དང་ལས་རིགས་ཁག་ལ་ཁྱབ་པའི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྤྲོད་མཁོའི་ཆ་འཕྲིན་མ་ལག་བཙུགས་ནས། མི་ཤུགས་ཐོན་ཁུངས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་། བསྡུ་རུབ། ཁྱབ་བསྒྲགས་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། མི་སྤྱོད་ཚན་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་བཅས་དབར་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྤྲོད་མཁོའི་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྔོན་དཔག་བྱས་ནས་དུས་བཀག་ལྟར་ཁྲོམ་རར་ལྟ་ཞིབ་ཚད་ལེན་བྱས་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ལས་ཀ་འཚོལ་བ་དང་གདན་ཞུ་བྱེད་པར་ཞབས་ཞུ་དང་མཛུབ་ཁྲིད་བྱེད་དགོས།

    དོན་ཚན་བཅུ་གཉིས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཕྱོགས་དང་བསྟུན་ནས། གཙོ་གནད་ཐོན་ལས་དང་། གཙོ་གནད་ལས་རིགས། ཁྱབ་ཁོངས་གལ་ཆེན་བཅས་ཀྱི་ཤེས་ལྡན་པའི་དགོས་མཁོར་དབྱེ་ཞིབ་སྔོན་དཔག་བྱེད་པ་དང་དུས་བཀག་ལྟར་དཀར་ཆག་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་བཙུགས་པའི་ཁར། རིམ་མཐོའི་ཤེས་ལྡན་པ་ནང་འདྲེན་བྱེད་ལམ་ཤར་གཏོང་ཐུབ་པ་བྱས་ཐོག གདང་རིམ་མཐོ་བ་དང་། རྩལ་ནུས་ཆེ་བ། ཁ་ཚ་དགོས་གཏུག་བཅས་ཀྱི་ཤེས་ལྡན་པ་སྐོང་འགུགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    དོན་ཚན་བཅུ་གསུམ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ཏེ་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་དང་། བྱེད་ནུས་ཆ་ཚང་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཐོན་ལས་གླིང་འཛུགས་རྒྱུར་སྐུལ་མ་གཏོང་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཐོན་ལས་གླིང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ནང་སྐྲུན་ཕྱི་འབྲེལ་དང་། བོགས་དངུལ་ཆག་ཡང་ངམ་ཡང་ན་རྩ་ཆག་གཏོང་བ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ཁག་དེའི་ནང་ཞུགས་རྒྱུར་སྐོང་འགུགས་བྱེད་དགོས།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཐོན་ལས་གླིང་དུ་གཏན་འཁེལ་བྱས་ཕྱིན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག

    དོན་ཚན་བཅུ་བཞི། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཁོངས་རང་བཞིན་དང་ཁྱད་ཆོས་ལྡན་པའི་ཉིན་གླ་བའི་ཁྲོམ་ར་བཙུགས་ཏེ་སྟབས་བསྟུན་ལས་ཞུགས་དང་ལས་མི་སྤྱོད་པའི་ཆ་འཕྲིན་ཡོངས་བསྒྲགས་དང་། ས་གནས་ས་ཐོག་ཏུ་འབྲེལ་མཐུད། སྐབས་འཕྲལ་ལས་སྒྲུབ་སོགས་བྱེད་པའི་ཐད་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

    ཁྱིམ་ལས་དང་། རྒན་གསོ། བུ་བཅོལ། སྨན་བཅོས་ནད་གཡོག་སོགས་ཀྱི་ཞབས་ཞུ་སྒྲུབ་མཁན་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྐྱོང་སྤེལ་དང་གོང་འཕེལ་གཏོང་རྒྱུར་སྐུལ་མ་གཏོང་དགོས།

    དོན་ཚན་བཅོ་ལྔ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་དབར་དང་། དེ་བཞིན་ས་ཁུལ་མི་འདྲ་བའི་དབར་མི་ཤུགས་ཐོན་ཁུངས་ལུགས་མཐུན་འཁོར་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ནས། སྔོན་ལ་གོང་འཕེལ་གཏོང་རྒྱུའི་ལས་རིགས་དང་། དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ། གཞི་རིམ་འཐབ་ས་དང་པོ་བཅས་སུ་ཤེས་ལྡན་པ་བསྐྱོད་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། མཐའ་མཚམས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་དགོས།

    ཚན་པ་གང་ཞིག་ཡིན་རུང་། རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་ཐེམ་ཐོ་དང་། ས་ཁོངས། ཐོབ་ཐང་སོགས་ཀྱི་ཐད་ནས་མི་ཤུགས་ཐོན་ཁུངས་འཁོར་རྒྱུག་ལ་ཚོད་འཛིན་བྱེད་པའི་ཆ་རྐྱེན་བཟོ་མི་ཆོག

    དོན་ཚན་བཅུ་དྲུག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རྩ་འཛུགས་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས། ལས་རིགས་གསོ་སྦྱོང་ཚན་པ་སོགས་ལ་བརྟེན་ནས་ལས་ཞུགས་པར་སྦྱོང་བརྡར་སྤྲས་ཏེ་ལས་གཉེར་པ་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ཆོག

    མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ། ལག་རྩལ་བཟོ་པའི་སློབ་གྲྭ་བཅས་སུ་མི་ཤུགས་ཐོན་ཁུངས་ཀྱི་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་བྱ་རྒྱུར་སྐུལ་མ་བཏང་ནས། མི་ཤུགས་ཐོན་ཁུངས་ལས་རིགས་གོང་འཕེལ་གཏོང་རྒྱུར་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

    དོན་ཚན་བཅུ་བདུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྤྲོད་མཁོ་འབྲེལ་མཐུད་བྱེད་སྒོ་སྒྲིག་འཛུགས་བྱས་ནས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཐོན་རྫས་གཅིག་སྡུད་ཐོག་འོས་སྦྱོར་བྱས་ཏེ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་མི་སྤྱོད་ཚན་པ་མཉམ་ལས་བྱ་རྒྱུར་ལས་སྟེགས་སྐྲུན་དགོས།

    ལེའུ་གསུམ་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས།

    དོན་ཚན་བཅོ་བརྒྱད། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ནང་སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཚུད་ཡོད།

    སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཞེས་པ་ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཙུགས་པའི་སྤྱི་པའི་ལས་ཞུགས་དང་ཤེས་ལྡན་པའི་ཞབས་ཞུའི་ལས་ཁུངས་ལ་ཟེར།

    གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཞེས་པ་ནི་ཁྲིམས་ལྟར་བཙུགས་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་གཉེར་མཁན་ལས་ཁུངས་ལ་ཟེར།

    དོན་ཚན་བཅུ་དགུ རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དྲ་ཐོག་དྲ་མིན་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལས་སྟེགས་བཙུགས་ནས་སྤྱི་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་དོ་སྙོམས་ཅན་དང་། ཆ་འཕྲིན་ཅན། ཚད་ལྡན་ཅན། དམངས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་ཉི་ཤུ སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གཅིག་གྱུར་གྱི་ཞབས་ཞུའི་ཚད་གཞི་ལག་བསྟར་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་དགོས།

    སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་གཤམ་གསལ་གྱི་ཞབས་ཞུ་སྒྲུབ་གླ་བསྡུ་མི་ཆོག་པ་སྟེ།

    (གཅིག) མི་ཤུགས་ཐོན་ཁུངས་ཀྱི་སྤྲོད་མཁོ་དང་། ཁྲོམ་རའི་གླ་ཕོགས་ཀྱི་མཛུབ་ཁྲིད་རིན་གོང་། ལས་རིགས་གསོ་སྦྱོང་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་།

    (གཉིས) ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། ལས་གཏོད་ལས་གཉེར་ལ་མཛུབ་ཁྲིད་བཅས་བྱེད་པ།

    (གསུམ) ལས་ཞུགས་ལས་གཏོད་དང་ཤེས་ལྡན་པའི་སྲིད་ཇུས་དང་ཁྲིམས་སྲོལ་འདྲི་རྩད་བྱེད་པ།

    (བཞི) ལས་ཞུགས་ལས་གཏོད་ལ་དཀའ་ངལ་ཡོད་པའི་མི་སྣར་ལས་ཞུགས་རོགས་སྐྱོར་བྱེད་པ།

    (ལྔ) ལས་ཞུགས་ཐོ་འགོད་དང་ལས་ཤོར་ཐོ་འགོད་སོགས་ཀྱི་ལས་དོན་སྒྲུབ་པ།

    (དྲུག) མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ། ལག་རྩལ་བཟོ་པའི་སློབ་གྲྭ་བཅས་ནས་ཐོན་པའི་སློབ་མ་བསྡུ་བའི་འགྲོ་ལུགས་གཉེར་བ།

    (བདུན) ཕྱོགས་མིའི་མི་དོན་ཡིག་ཚགས་ལ་དོ་དམ་བྱེད་པ།

    (བརྒྱད) རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཞབས་ཞུ་གཞན་དག་བཅས་ཡིན།

    དོན་ཚན་ཉེར་གཅིག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་འགྲོ་གྲོན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

    དོན་ཚན་ཉེར་གཉིས། སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ཞབས་ཞུའི་བྱེད་ནུས་འཐུས་ཚང་བཟོ་བ་དང་། ཞབས་ཞུའི་ནང་དོན་ཚད་ལྡན་བཟོ་བ། དེ་བཞིན་ཞབས་ཞུའི་དོན་ཚན་དང་། ཞབས་ཞུའི་ལས་རིམ། ལྟ་སྐུལ་བྱེད་ལམ་བཅས་ཡོངས་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

    དོན་ཚན་ཉེར་གསུམ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ལས་རིགས་མཚམས་སྦྱོར་བྱེད་སྒོ་སྤེལ་སྐབས། ཁྲིམས་ལྟར་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་རག་པ་བྱེད་དགོས།

    གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་མི་ཤུགས་ཐོན་ཁུངས་ཀྱི་ཆ་འཕྲིན་བསྡུ་རུབ་དང་ཁྱབ་བསྒྲགས་བྱེད་པ་དང་། ལས་ཞུགས་ལས་གཏོད་ལ་མཛུབ་ཁྲིད་བྱེད་པ། མི་ཤུགས་ཐོན་ཁུངས་ལ་དོ་དམ་དང་འདྲི་རྩད་བྱེད་པ། མི་ཤུགས་ཐོན་ཁུངས་ལ་དཔྱད་གདེང་བྱེད་པ། མི་ཤུགས་ཐོན་ཁུངས་ཐད་ཀྱི་གསོ་སྦྱོང་བྱེད་པ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པ་སོགས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་སྒོ་གཉེར་ཕྱིན། ངེས་པར་དུ་ཁྲིམས་ལྟར་སྙན་དཔོད་ཞུ་དགོས།

    གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ཡན་ལག་དང་ཉིང་ལག་ལས་ཁུངས་བཙུགས་ནས། མིང་དང་། སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པ་བཅས་བརྗེ་སྒྱུར་རམ་ཡང་ན་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་བཞག་ཚེ། ངེས་པར་དུ་ཁྲིམས་ལྟར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བཞི། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྲིད་གཞུང་གི་དྲ་ཚུགས་སོགས་སྤྱད་དེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆོག་འཁྲོལ་དང་སྙན་དཔོད་ཞུ་བའི་གཞི་འཛིན་ས་དང་། ལས་རིམ། དུས་ཚད། ཆ་རྐྱེན། འབུལ་དགོས་པའི་དཔྱད་ཡིག་གི་དཀར་ཆག དེ་བཞིན་སྲིད་འཛིན་ཆོག་འཁྲོལ་ལམ་ཡང་ན་སྙན་དཔོད་ཞུས་པའི་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱི་མིང་ཐོ་དང་། དེ་བཞིན་དེའི་མིང་བརྗེ་སྒྱུར་དང་མུ་མཐུད་སྤྱོད་པ་སོགས་ཀྱི་གནས་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ཉེར་ལྔ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་དེ་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། དེའང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ལས་ཞུགས་ཆ་འཕྲིན་ཡོངས་བསྒྲགས་དང་། ལས་རིགས་ངོ་སྤྲོད། ལས་རིགས་གསོ་སྦྱོང་། ལས་གཏོད་བློ་འདྲི། ཤེས་ལྡན་པ་གདན་ཞུ། མི་ཤུགས་ཐོན་ཁུངས་ཁྲོམ་རར་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ལས་ཞུགས་ལས་གཏོད་ལ་མཛུབ་ཁྲིད་དང་ལས་ཞུགས་ལྟ་སྦྱོང་སོགས་ཀྱི་ཞབས་ཞུ་སྒྲུབ་སྐབས། གཏན་འབེབས་ལྟར་འབྲེལ་ཡོད་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་ཆོག

    དོན་ཚན་ཉེར་དྲུག གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ཟླ་སྒྲིལ་གཏོང་བ་དང་། ཉོ་སྒྲུབ་བྱེད་པ། བསྐྱར་སྒྲིག་བྱེད་པ། མནའ་འབྲེལ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། ཞབས་ཞུ་ལེགས་པར་བསྒྲུབས་ཐོག རྒྱལ་ཡོངས་གཅིག་གྱུར་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་མི་ཤུགས་ཐོན་ཁུངས་དགེ་མཚན་ལྡན་པའི་འཁོར་རྒྱུག་ཐུབ་པ་བྱེད་དགོས།

    དོན་ཚན་ཉེར་བདུན། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་མཐོ་རིམ་ཤེས་ལྡན་པ་རྩད་འཚོལ་དང་། མི་ཤུགས་ཐོན་ཁུངས་ལ་དཔྱད་གདེང་། མི་ཤུགས་ཐོན་ཁུངས་གསོ་སྦྱོང་། མི་ཤུགས་ཐོན་ཁུངས་ལ་དོ་དམ་དང་འདྲི་རྩད། མི་ཤུགས་ཐོན་ཁུངས་ཀྱི་གླ་ཕོགས་དང་ཕན་བདེར་དོ་དམ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པ་སོགས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཆེད་ལས་ཅན་དུ་འགྱུར་བའི་ལས་སྒོ་སྒྲུབ་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཐོག གསར་གཏོད་ནུས་པ་ལྡན་ལ་སྣ་མང་ཅན་གྱི་སྒོ་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་གོང་འཕེལ་གཏོང་ཐུབ་པ་བྱེད་དགོས།

    གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ལས་མི་མཉམ་སྤྱོད་དང་ཞབས་ཞུ་མཉམ་སྤྱོད་སོགས་གསར་དར་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།

    ལེའུ་བཞི་པ། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་བྱེད་སྒོའི་ཚད་གཞི།

    དོན་ཚན་ཉེར་བརྒྱད། མི་སྒེར་གྱིས་ལས་ཀ་འཚོལ་སྐབས། ངེས་པར་དུ་མི་སྤྱོད་ཚན་པའམ་ཡང་ན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་རང་ཉིད་ཀྱི་གཞི་རྩའི་ཆ་འཕྲིན་དང་གདན་ཞུས་ལས་གནས་དང་འབྲེལ་བ་ཡོད་པའི་ཤེས་བྱ་དང་། རྩལ་ནུས། ལས་ཀའི་ཉམས་མྱོང་སོགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས།

    དོན་ཚན་ཉེར་དགུ མི་སྤྱོད་ཚན་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་འདྲ་མཉམ་གྱི་ལས་ཞུགས་གོ་སྐབས་དང་དྲང་གཞག་གི་ལས་ཞུགས་ཆ་རྐྱེན་སྐྲུན་དགོས་པ་ལས་ལས་ཞུགས་ཐད་སྣང་ཆུང་གཏན་ནས་བྱེད་མི་ཆོག

    མི་སྤྱོད་ཚན་པས་རང་བདག་གིས་ལས་མི་བསྡུ་འཇུག་བྱེད་པའམ་ཡང་ན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་མངགས་ནས་མི་སྣ་གདན་ཞུ་བྱས་ཆོག མི་སྤྱོད་ཚན་པས་ཁྱབ་བསྒྲགས་བྱས་པའམ་ཡང་ན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་མཁོ་འདོན་བྱས་པའི་ཚན་པའི་གཞི་རྩའི་གནས་ཚུལ་དང་། གདན་ཞུས་མི་གྲངས། གདན་ཞུས་ཆ་རྐྱེན། ལས་ཀའི་ནང་དོན། ལས་ཀ་བྱེད་ས། གཞི་རྩའི་ངལ་རྩོལ་གྱི་ཐོབ་ཆ། འབྲེལ་གཏུག་བྱེད་སྟངས་སོགས་གདན་ཞུའི་ཆ་འཕྲིན་རྣམས་ངེས་པར་དུ་དངོས་བདེན་དང་ཁྲིམས་མཐུན་ཡིན་དགོས་པ་ལས། མི་རིགས་དང་། རིགས་རྒྱུད། ཕོ་མོ། ཆོས་དད་སོགས་ལ་མཐོང་ཆུང་བྱེད་པའི་ནང་དོན་མེད་པ་བྱེད་དགོས།

    མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་མི་སྤྱོད་ཚན་པས་མཁོ་འདོན་བྱས་པའི་གདན་ཞུའི་ཆ་འཕྲིན་གྱི་དངོས་བདེན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་དགོས།

    དོན་ཚན་སུམ་ཅུ། མི་ཤུགས་ཐོན་ཁུངས་འཁོར་རྒྱུག་བྱེད་པར་ངེས་པར་དུ་ཞབས་ཞུའི་དུས་ཡུན་དང་། ལས་གཉེར་ཚོད་འཛིན། གསང་སྲུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་དེ་སྔའི་མི་སྤྱོད་ཚན་པ་དང་བཞག་པའི་ཚོང་ལས་ཀྱི་གསང་བ་དམ་སྲུང་དང་ལས་སྒོའི་འགྲན་རྩོད་ཚོད་འཛིན་སོགས་ཀྱི་དོན་གནད་སྐོར་གྱི་གྲོས་མཐུན་ལག་བསྟར་བྱེད་དགོས།

    དོན་ཚན་སོ་གཅིག མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ས་ཡུལ་དངོས་སུ་གདན་ཞུའི་ཚོགས་འདུ་འཚོགས་སྐབས། ངེས་པར་དུ་སྒྲིག་འཛུགས་ལག་བསྟར་བྱེད་ཐབས་དང་། འཕྲལ་སྡོམ་སྔོན་ཇུས། བདེ་འཇགས་སྲུང་སྐྱོང་གི་ལས་ཀའི་ཇུས་གཞི་བཅས་བཟོ་དགོས་པ་དང་། གདན་ཞུའི་ཚོགས་འདུར་ཞུགས་མཁན་གདན་ཞུའི་ཚན་པ་དང་དེའི་གདན་ཞུའི་སྒྲིག་ཡིག་མདོར་བསྡུས་ཀྱི་དངོས་བདེན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་ཞིབ་དཔྱད་བྱེད་དགོས། སྔ་སྣུར་དུ་གདན་ཞུའི་ཚོགས་འདུའི་ཆ་འཕྲིན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་འབྲེལ་གདན་ཞུའི་ཁྲོད་ཀྱི་བྱེད་སྒོ་ཁག་ལ་དོ་དམ་བྱེད་དགོས།

    དོན་ཚན་སོ་གཉིས། མི་སྤྱོད་ཚན་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་མཉམ་སྦྲེལ་དྲ་རྒྱ་བརྒྱུད་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དྲ་རྒྱའི་བདེ་འཇཌ་དང་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཕྱོགས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

    མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་མི་ཤུགས་ཐོན་ཁུངས་ཀྱི་སྤྲོད་མཁོའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་རིགས། ངེས་པར་དུ་གོང་གསལ་དོན་ཚན་གྱི་གཏན་འབེབས་དང་མཐུན་དགོས་པ་དང་། ཁྲིམས་འགལ་ཡིན་པ་དང་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བསུབ་དགོས་པ་མ་ཟད་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་སམ་ཡང་ན་ཕྱོགས་གཉིས་ཀའི་ཁ་ཆད་དང་འགལ་ཏེ། མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པ་ཤེས་རྟོགས་བྱུང་ཚེ། ལས་ཀ་འཚོལ་མཁན་གྱིས་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན་ལ་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་བཟོ་བཅོས་རྒྱག་དགོས་པའི་བླང་བྱ་འདོན་དབང་ཡོད། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་ངེས་པར་དུ་བྱེད་ཐབས་སྤྱད་དེ་བསུབ་དགོས་པའམ་ཡང་ན་བཟོ་བཅོས་རྒྱག་དགོས།

    དོན་ཚན་སོ་གསུམ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ཞབས་ཞུ་སྒྲུབ་ཡུལ་གྱི་མངོན་གསལ་དོད་སར་ལས་གཉེར་ལག་ཁྱེར་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཆོག་འཐུས་ལག་ཁྱེར། ཞབས་ཞུའི་རྣམ་གྲངས། རིན་བསྡུའི་ཚད་གཞི། ལྟ་སྐུལ་ལས་ཁུངས། ལྟ་སྐུལ་ཁ་པར་སོགས་ཀྱི་ཆ་འཕྲིན་གསལ་སྟོན་བྱེད་དགོས།

    མཉམ་སྦྲེལ་དྲ་རྒྱ་བརྒྱུད་དེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རིགས་ངེས་པར་དུ་ཁྲིམས་ལྟར་དེའི་དྲ་ཚིགས་དང་སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱའི་ཉེར་སྤྱོད་གོ་རིམ་སོགས་ཀྱི་ཤོག་ངོས་དང་པོའི་མངོན་གསལ་དོད་སར་གོང་གསལ་དོན་ཚན་ནང་གཏན་འབེབས་བྱས་པའི་ཆ་འཕྲིན་རམ་ཡང་ན་དེའི་སྦྲེལ་མཐུད་མཚོན་རྟགས་གསལ་སྟོན་བྱེད་དགོས།

    དོན་ཚན་སོ་བཞི། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱིས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་སྐབས་གཤམ་གསལ་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ།

    (གཅིག) མཐོང་ཆུང་རང་བཞིན་གྱི་ནང་དོན་དང་། མི་བདེན་རྫུན་སྒྲིག་གམ་ཡང་ན་ཁྲིམས་འགལ་གྱི་ལས་འཚོལ་དང་། གདན་ཞུའི་ཆ་འཕྲིན་བཅས་ཁྱབ་བསྒྲགས་བྱེད་པ་དང་།

    (གཉིས) མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་རྫུན་བཟོ་དང་། བསུབ་བཅོས། གཡར་གཏོང་། བོགས་གཏོང་། ནང་བཤུག་བཅས་བྱེད་པ།

    (གསུམ) ཁྲིམས་མཐུན་གྱི་ཐོབ་ཐང་ལག་ཁྱེར་མེད་པའི་ལས་ཀ་འཚོལ་མཁན་ནམ་ཡང་ན་ཁྲིམས་མཐུན་གྱི་ལག་ཁྱེར་མེད་པའི་མི་སྤྱོད་ཚན་པར་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ།

    (བཞི) ལོ་བཅུ་དྲུག་མ་སོན་པའི་མི་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བསྡུ་སྤྱོད་བྱེད་མི་ཆོག་པའི་མི་སྣར་ལས་ཞུགས་ངོ་སྤྲོད་བྱེད་པ།

    (ལྔ) ལས་ཀ་འཚོལ་མཁན་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་ལས་རིགས་ངོ་སྤྲོད་བྱེད་པ།

    (དྲུག) ལས་ཀ་འཚོལ་མཁན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། སློབ་རྒྱུས་དང་སློབ་གནས་ལག་ཁྱེར་སོགས་ཀྱི་ལག་ཁྱེར་བཙན་ཉར་བྱེད་པའམ་ཡང་ན་ལས་ཀ་འཚོལ་མཁན་གྱི་ས་ནས་གཏའ་དངུལ་དང་ཁག་ཐེག་དངུལ་སོགས་ཀྱི་རྒྱུ་ནོར་བསྡུ་ལེན་བྱེད་པ།

    (བདུན) མི་སྤྱོད་ཚན་པ་དང་ལྐོག་འབྲེལ་བྱས་ཏེ་ལས་ཀ་འཚོལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ།

    (བརྒྱད) མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྒྲུབ་པའི་མིང་ཐོག་ནས་ཚུལ་དང་མི་མཐུན་པའི་ཁེ་ཕན་རག་ཐབས་བྱེད་པའམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྒོ་གཞན་དག་སྤེལ་བ།

    (དགུ) དྲག་ཤུགས་དང་། འཇིགས་སྐུལ། མགོ་སྐོར་གཏོང་བ་སོགས་ཚུལ་མིན་བྱེད་ཐབས་སྤྱད་དེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་བ།

    (བཅུ) ལས་སྒོ་སྒྲུབ་སྐབས་མི་སྤྱོད་ཚན་པའི་ཚོང་ལས་གསང་བ་དང་ལས་ཀ་འཚོལ་མཁན་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་ཁྲིམས་འགལ་གྱིས་བེད་སྤྱོད་བྱེད་པ།

    (བཅུ་གཅིག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་སོ་ལྔ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་ནང་ཁུལ་གྱི་ལམ་ལུགས་བཟོ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནོར་དོན་དོ་དམ་དང་ཞབས་ཞུའི་རྩིས་ཁྲ་སོགས་ཀྱི་ལམ་ལུགས་བཟོ་བ་དང་ཚགས་ཚུད་དུ་བཏང་སྟེ་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུ་སྒྲུབ་རིམ་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས།

    ཞབས་ཞུའི་རྩིས་ཁྲར་ངེས་པར་དུ་ཞབས་ཞུ་བྱ་ཡུལ་དང་། ཞབས་ཞུ་སྒྲུབ་རིམ། ཞབས་ཞུའི་འབྲས་བུ་སོགས་ཀྱི་ཆ་འཕྲིན་བདེན་པ་དང་ཆ་ཚང་བའི་སྒོ་ནས་ཟིན་ཐོ་འགོད་དགོས་པ་དང་། ཉར་ཚགས་བྱེད་ཡུན་ལོ་གཉིས་ལས་མི་ཉུང་བ་དགོས།

    ལེའུ་ལྔ་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས།

    དོན་ཚན་སོ་དྲུག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་བཟོ་བ་དང་ཚགས་ཚུད་དུ་བཏང་སྟེ། ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་བྱེད་སྒོ་ཚད་ལྡན་དུ་བཏང་ཐོག ཡིད་རྟོན་ཁྲིམས་སྲུང་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱས་ནས་དེས་སྤྱི་པའི་ཞབས་ཞུའི་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས།

    དོན་ཚན་སོ་བདུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་བཞིན་ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་མ་ཟད། གཤམ་གསལ་གྱི་བྱ་ཐབས་སྤྱད་ཆོག་པ་སྟེ།

    (གཅིག) ཞིབ་བཤེར་བྱ་ཡུལ་ཚན་པར་བསྐྱོད་ནས་ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་དང་།

    (གཉིས) འབྲེལ་ཡོད་མི་སྣར་འདྲི་རྩད་དང་། ཞབས་ཞུའི་རྩིས་ཐོ་སོགས་ཀྱི་ཞབས་ཞུའི་ཆ་འཕྲིན་ཡིག་ཚགས་ལ་ལྟ་བཤེར་བྱེད་པ།

    (གསུམ) ཞིབ་བཤེར་བྱ་ཡུལ་ཚན་པར་ཞིབ་བཤེར་དོན་གནད་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་དཔྱད་ཡིག་འདོན་སྤྲོད་བྱེད་པ་དང་སྦྲགས་གསལ་འགྲེལ་དང་གསལ་བཤད་རྒྱག་རྒྱུའི་བླང་བྱ་འདོན་པ།

    (བཞི) ཐོ་འགོད་དང་། སྒྲ་ཕབ། བརྙན་ཕབ། པར་ལེན་ནམ་ཡང་ན་འདྲ་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་གནས་ཚུལ་དང་དཔྱད་ཡིག་འཚོལ་བསྡུ་བྱེད་པ།

    (ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱ་ཐབས་གཞན་དག་བཅས་སོ།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་གཉིས་ཡན་ཡོད་པ་བྱེད་དགོས་ཤིང་། ངེས་པར་དུ་ཁྲིམས་སྒྱུར་ལག་ཁྱེར་སྟོན་དགོས་པ་མ་ཟད། ཞིབ་བཤེར་བྱ་ཡུལ་ཚན་པའི་ཚོང་ལས་གསང་བ་སྲུང་དགོས།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་ཁྲིམས་བཞིན་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་བྱ་ཡུལ་ཚན་པས་ངེས་པར་དུ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་དཔྱད་ཡིག་དང་ཆ་འཕྲིན་ཇི་མ་ཇི་བཞིན་འདོན་སྤྲོད་བྱེད་དགོས་པ་ལས་སྦས་གསང་དང་། ཁས་མི་ལེན་པ། བཀག་འགོག་བཅས་བྱེད་མི་ཆོག

    དོན་ཚན་སོ་བརྒྱད། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། འབྲེལ་ཡོད་གཙོ་འགན་སྡེ་ཚན། དེ་བཞིན་ལས་བྱ་དང་། མི་སྤྱོད་ཚན་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་དང་ཞུ་གཏུག་བྱེད་ལམ་ཤར་གཏོང་ཐུབ་པ་བྱས་ནས་འབྲེལ་ཡོད་ཐེར་འདོན་དང་ཞུ་གཏུག་བྱས་རིགས་ཁྲིམས་བཞིན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

    དོན་ཚན་སོ་དགུ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་གཉེར་སྐྱོང་བྱས་ཚུལ་གྱི་ལོ་འཁོར་སྙན་ཞུ་འབུལ་དགོས་པ་མ་ཟད། ལོ་འཁོར་གྱི་སྙན་ཞུའི་ནང་དོན་གྱི་ཁུངས་བཙན་པོ་ཡོད་མེད་ལ་འགན་འཁུར་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ཁྲིམས་བཞིན་ལོ་འཁོར་སྙན་ཞུའི་འབྲེལ་ཡོད་ནང་དོན་ཡོངས་བསྒྲགས་བྱེད་པའམ་ཡང་ན་ཁྲིད་སྟོན་བྱེད་ཆོག

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཆ་འཕྲིན་མཉམ་སྤྱོད་བྱས་པ་བརྒྱུད་ནས་ཐོབ་པའི་ཆ་འཕྲིན་ཡིན་ཚེ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་བསྐྱར་དུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་འདོན་མི་ཆོག

    དོན་ཚན་བཞི་བཅུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཡིད་རྟོན་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། མི་སྤྱོད་ཚན་པ་དང་། ལས་ཀ་འཚོལ་མཁན། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱི་ཡིད་རྟོན་གྲངས་གཞི་དང་ཡིད་རྟོན་ཤོར་བའི་གནས་ཚུལ་སོགས་ཁྲོམ་རའི་ཡིད་རྟོན་འཛུགས་སྐྱོང་མ་ལག་ནང་བཅུག་ནས་ཁ་དན་ཚིག་གནས་བྱེད་མཁན་ལ་སྐུལ་ལྕག་དང་ཁ་དན་ཚིག་ལ་མ་གནས་མཁན་ལ་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་བཟོས་ཏེ། ཡིད་རྟོན་གདང་རིམ་མི་འདྲ་བའི་ལྟ་སྡོམ་བྱ་ཡུལ་ལ་དམིགས་ནས་ཁྱད་པར་ཡོད་པའི་རིགས་དབྱེ་ལྟ་སྡོམ་བྱེད་ཐབས་སྤྱོད་དགོས།

    དོན་ཚན་ཞེ་གཅིག མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏང་གི་རྩ་འཛུགས་འཛུགས་པ་མ་ཟད་བྱེད་སྒོ་སྤེལ་ནས་སྐོར་སྐྱོད་ཏང་ཡོན་ལ་སློབ་གསོ་ལྟ་སྐུལ་དང་དོ་དམ་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཕྱིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས》དང《མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

    དོན་ཚན་ཞེ་གསུམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་དང་། འབྲེལ་ཡོད་གཙོ་འགན་སྡེ་ཚན། དེ་བཞིན་དེའི་ལས་བྱ་བཅས་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། འགན་འཁྲི་ཡོད་པའི་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་དགོས་པ་སྟེ།

    (གཅིག) སྲིད་འཛིན་ཆོག་འཁྲོལ་གྱི་ཆོད་དོན་ཁྲིམས་ལྟར་བཞག་མེད་པའི་རིགས་དང་།

    (གཉིས) སྲིད་འཛིན་ཆོག་འཁྲོལ་གྱི་འགྲོ་ལུགས་གཉེར་བའམ་ཡང་ན་སྙན་དཔོད་ཞུ་བ། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་རིང་། མི་གཞན་གྱི་ས་ནས་རྒྱུ་དངོས་ལེན་པའམ་ཡང་ན་ཁེ་ཕན་གཞན་དག་རག་ཐབས་བྱེད་པའི་རིགས།

    (གསུམ) ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་བཞིན་མ་བསྒྲུབས་པའམ་ཡང་ན་ལྟ་སྐུལ་ནུས་ལྡན་མ་བྱས་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས།

    (བཞི) འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་ཞེ་བཞི། སྤྱི་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཚེ་གོང་རིམ་གཙོ་འགན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་གཏན་ནས་མ་བྱས་ཚེ། འགན་འཁྲི་ཡོད་པའི་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ཞེ་ལྔ། སྲོལ་ཡིག་འདི་2024ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།