དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག

    (2024ལོའི་ཟླ་5ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2024〕ཡིག་ཨང་6པ།

    《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》འདི་2024ལོའི་ཟླ་5ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་ནས་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2024ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2024ལོའི་ཟླ་5ཚེས་30ཉིན།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ཆུའི་སྦགས་བཙོག་འགོག་བཅོས་ཚད་གཞི་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད།

    ལེའུ་གསུམ་པ། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ལྟ་སྐུལ་དོ་དམ།

    ལེའུ་བཞི་པ། ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཐབས།

    དོན་ཚན་དང་པོ། བཟོ་ལས་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་གཉིས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་གསུམ་པ། ཞིང་འབྲོག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་བཞི་པ། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས།

    དོན་ཚན་ལྔ་པ། ས་འོག་ཆུ་དང་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་བཅོས།

    ལེའུ་ལྔ་པ། ཆུའི་སྦགས་བཙོག་དོན་རྐྱེན་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་ཐག་གཅོད།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་དོན་ཚན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱས་ཏེ་ཆུའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་། འཐུང་ཆུའི་བདེ་འཇགས་འགན་སྲུང་། སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་གཙང་པོ་དང་། མཚོ། ཆུ་ཡུར། ཆུ་མཛོད་སོགས་ས་ངོས་ཆུ་བོ་དང་དེ་བཞིན་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཐད་སྤྱོད་རྒྱུ།

    དོན་ཚན་གསུམ་པ། ཆུའི་སྦགས་བཙོག་འགོག་བཅོས་བྱེད་པར་ངེས་པར་དུ་སྔོན་འགོག་གཙོ་བཟུང་དང་། འགོག་བཅོས་ཟུང་འབྲེལ། ཕྱོགས་བསྡུས་བཅོས་སྐྱོང་། སྤྱི་དམངས་ཞུགས་པ། གནོད་སྐྱོན་གྱི་འགན་འཁུར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འཐུང་ཆུའི་ཆུ་ཁུངས་སྔོན་ལ་སྲུང་སྐྱོང་བྱེད་པ་དང་། བཟོ་ལས་ཀྱི་སྦགས་བཙོག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་སྦགས་བཙོག་ཚོད་འཛིན་ནན་པོ་བྱེད་པ། ཞིང་ལས་ཀྱི་ས་ངོས་དང་ས་འོག་གི་སྦགས་བཙོག་འགོག་བཅོས་བྱས་ཐོག ཆུའི་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆུའི་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གནོད་སྐྱོན་སྔོན་འགོག་དང་། ཚོད་འཛིན། ཉུང་དུ་གཏོང་བ་བཅས་བྱེད་དགོས།

    དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་ཁོར་ཡུག་གི་སྤུས་ཚད་ལ་འགན་འཁུར་ནས་ངེས་པར་དུ་བྱ་ཐབས་གང་ལེགས་སྤྱད་དེ་ཆུའི་སྦགས་བཙོག་འགོག་བཅོས་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས་ཆུའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་དང་ལོ་འཁོར་གྱི་ལག་བསྟར་འཆར་གཞི་བཟོ་བ་དང་། ཐོན་ལས་གྲུབ་ཆ་དང་བཀོད་པ་ལེགས་སུ་གཏོང་དགོས། ཆུའི་སྦགས་བཙོག་འགོག་བཅོས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆུའི་སྦགས་བཙོག་འགོག་བཅོས་ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་གཅིག་འདོམས་དང་ཐག་གཅོད་བྱས་ཏེ་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ལམ་ལུགས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུའི་སྦགས་བཙོག་འགོག་བཅོས་ཐད་ནོར་སྲིད་ཀྱི་གཏོང་ཆ་མང་དུ་གཏོང་དགོས།

    ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་དགོས།

    གྲོང་མི(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་ནས་ཡུལ་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་མི(ཡུལ་མི)ཚོར་ཆུའི་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ཆུའི་སྦགས་བཙོག་འགོག་བཅོས་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་དགོས།

    ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་དང་དེའི་མངགས་བཏང་ལས་ཁུངས་སོ་སོས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཆུའི་སྦགས་བཙོག་འགོག་བཅོས་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་སྒྱུར་བཅོས་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་། ཡུལ་སྐོར་གོང་འཕེལ། འཕྲལ་སྡོམ་དོ་དམ། ནགས་ལས་དང་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་ཆུའི་སྦགས་བཙོག་འགོག་བཅོས་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཆུའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་དཔྱད་ཞིབ་གདེང་འཇོག་ལམ་ལུགས་ལག་བསྟར་བྱས་ཏེ་ཆུའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེའི་འགན་འཁུར་བ་དང་། འོག་རིམ་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་བར་དཔྱད་ཞིབ་གདེང་འཇོག་བྱེད་རྒྱུའི་ནང་དོན་དུ་བརྩི་དགོས།

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པ་དང་། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་རིམ་པ་དང་དུས་མཚམས་དབྱེ་ནས་སྲིད་འཛིན་ས་ཁོངས་དེ་གའི་ཆུ་བོ་དང་མཚོ་མོའི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་དང་། ཆུ་ཁོངས་དང་ཆུ་ངོགས་དོ་དམ། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཆུའི་སྦགས་བཙོག་འགོག་བཅོས། ཁྲིམས་སྒྱུར་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་ཀ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་དགོས།

    དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ཆུའི་སྦགས་བཙོག་འགོག་བཅོས་ལ་ལྟ་སྐུལ་དང་དོ་དམ་འགན་འཁུར་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཆུའི་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ལག་རྩལ་ཞིབ་འཇུག་དང་སྔོན་ཐོན་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། སྣ་མང་ཅན་གྱི་མ་འཇོག་འགན་སྲུང་ལམ་སྲོལ་འཛུགས་པར་སྐུལ་ལྕག་བཏང་ནས་ཆུའི་ཁོར་ཡུག་སྲུང་སྐྱོང་ཐད་སྤྱི་ཚོགས་ཀྱི་མ་དངུལ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱིས་ཆུའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཆུའི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཐོག་སྤྱི་དམངས་ཆུའི་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

    སྡེ་ཚན་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་ཆུའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་མ་ཟད། ཆུའི་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་གཏོར་སྐྱོན་གཏོང་བའི་སྤྱོད་ངན་ཐེར་འདོན་བྱེད་པའི་དབང་ཆ་ཡང་ཡོད།

    ལེའུ་གཉིས་པ། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཚད་གཞི་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི་ནང་གཏན་འབེབས་བྱས་མེད་པའི་རྣམ་གྲངས་ལ་རང་སྐྱོང་ལྗོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་བཟོ་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་ལ་སྙན་ཐོ་འགོད་དགོས།

    དོན་ཚན་བཅུ་གཅིག རྒྱལ་ཁབ་ཀྱི་ཆུའི་བཙོག་དངོས་བཤངས་འབུད་ཚད་གཞིའི་ནང་གཏན་འབེབས་བྱས་མེད་པའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཆུའི་བཙོག་དངོས་བཤངས་འབུད་ཚད་གཞི་བཟོ་ཆོག་པ་དང་། རྒྱལ་ཁབ་ཀྱི་ཆུའི་བཙོག་དངོས་བཤངས་འབུད་ཚད་གཞིའི་ནང་གཏན་འབེབས་བྱས་ཟིན་རིགས་ལ་ཆུའི་བཙོག་དངོས་བཤངས་འབུད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལས་ནན་པའི་རང་སྐྱོང་ལྗོངས་ཀྱི་ཆུའི་བཙོག་དངོས་བཤངས་འབུད་ཚད་གཞི་བཟོ་ཆོག རང་སྐྱོང་ལྗོངས་ཀྱི་ཆུའི་བཙོག་དངོས་བཤངས་འབུད་ཚད་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་ལ་སྙན་ཐོ་འགོད་དགོས།

    དོན་ཚན་བཅུ་གཉིས། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཆུའི་ཐོན་ཁུངས་ཀྱི་རང་བྱུང་ཆ་རྐྱེན་དང་ཁོར་ཡུག་གི་ཐེག་ཚད་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཆུའི་ནུས་ཁུལ་དབྱེ་སྟེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱིས་ཆུའི་ནུས་ཁུལ་གྱི་སྦགས་བཙོག་བསྡུ་འཇོག་ལམ་ལུགས་དང་ཆུའི་ནུས་པ་གསར་སྤེལ་བྱེད་ཚད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་ནུས་ཁུལ་གྱི་སྦགས་བཙོག་བསྡུ་འཇོག་གི་དམར་ཐིག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆུ་བོ་དང་མཚོ་མོའི་ནང་བཙོག་འབུད་བྱེད་ས་བཟོ་བའི་རིགས་དང་བཙོག་དངོས་བཤངས་འབུད་བྱས་འབོར་ལ་ཚོད་འཛིན་ནན་པོ་བྱས་ནས་ཆུ་ཁོངས་ཀྱི་ནུས་པ་དང་སྐྱེ་ཁམས་ཞབས་ཞུ་སྒྲུབ་ནུས་འགན་སྲུང་བྱེད་དགོས།

    དོན་ཚན་བཅུ་གསུམ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་གཞི་ཁྲིམས་ལྟར་བཀོད་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་སྲུང་སྐྱོང་དམིགས་ཚད་ཁ་གསལ་བཟོ་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་ལྟར་ཆོག་མཆན་སྤྲད་པའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་གཞི་བཀོད་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་སྲུང་སྐྱོང་དམིགས་ཚད་ཁ་གསལ་བཟོ་དགོས།

    ཆོག་མཆན་ཐོབ་པའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ནི་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་རྩ་བའི་གཞི་འཛིན་ས་ཡིན་པས། འཆར་འགོད་བཟོ་བཅོས་རྒྱག་པར་ངེས་པར་དུ་དེ་སྔའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས།

    ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དེ་ངེས་པར་དུ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་མཐུན་དགོས་པ་མ་ཟད། ཆུའི་ནུས་ཁུལ་དབྱེ་ནས་གཏན་འཁེལ་བྱས་པའི་ཆུའི་ནུས་པ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་འབྲེལ་མཐུད་ཡོང་བ་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་བཟོ་སྐབས་ངེས་པར་དུ་ཆུའི་ནུས་ཁུལ་དབྱེ་འབྱེད་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ཀྱི་བར་སྟོང་བཀོད་པ་དང་དགོས་མཁོར་སྤྱི་འདོམས་བྱེད་དགོས། འབྲེལ་ཡོད་ཆེད་དོན་འཆར་འགོད་དམ་ཡང་ན་ཇུས་གཞི་གཞན་དག་བཟོ་འགོད་བྱེད་དགོས་རིགས་ངེས་པར་དུ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་འབྲེལ་མཐུད་ཐུབ་པ་བྱེད་དགོས།

    དོན་ཚན་བཅུ་བཞི། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ནང་གཏན་འཁེལ་བྱས་པའི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་བླང་བྱར་སླེབས་མེད་པའི་འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་ཁོར་ཡུག་སྤུས་ཚད་དུས་བཀག་ནང་ཚད་ལོན་ཐུབ་པའི་འཆར་གཞི་བཟོ་དགོས་པ་མ་ཟད། དུས་བཀག་ནང་ཚད་ལོན་པའི་བྱ་ཐབས་སྤྱོད་དགོས།

    དུས་བཀག་ཚད་ལོན་འཆར་འགོད་འདི་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་ཐོ་འགོད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

    དོན་ཚན་བཅོ་ལྔ། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ནང་གཏན་འཁེལ་བྱས་པའི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་ཀྱི་བླང་བྱར་སླེབས་མེད་པའི་འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ཡིན་ཕྱིན། ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་བསྒྲུབས་ཚུལ་སྙན་སེང་ཞུ་སྐབས། ངེས་པར་དུ་ཆུའི་ཁོར་ཡུག་གི་སྤུས་ཚད་དུས་བཀག་གི་ཚད་ལོན་འཆར་འགོད་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

    དོན་ཚན་བཅུ་དྲུག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་། ཆུའི་ནུས་ཁུལ་དབྱེ་འབྱེད། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་བཅས་གཞིར་བཟུང་། ཐོན་ལས་ཁྱབ་ཚུལ་བཀོད་སྒྲིག་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག གསར་སྤེལ་འཛུགས་སྐྲུན་ཚད་ལྡན་བཅས་ཡོང་བར་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ་འབྱུང་འཕྲོད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ལེའུ་གསུམ་པ། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ལྟ་སྐུལ་དོ་དམ།

    དོན་ཚན་བཅུ་བདུན། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་ཆུའི་བཙོག་དངོས་བཤངས་འབུད་ཀྱི་སྤྱི་འབོར་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་གཙོ་གནད་ཆུའི་བཙོག་དངོས་བཤངས་འབུད་སྤྱི་འབོར་ཉུང་དུ་གཏོང་བ་དང་ཚོད་འཛིན་བྱེད་དགོས། ཆུའི་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་དང་ཆུའི་སྦགས་བཙོག་འགོག་བཅོས་ལས་ཀའི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཆུའི་བཙོག་དངོས་ཕུད་པའི་ཆུའི་བཙོག་དངོས་གཞན་དག་བཤངས་འབུད་སྤྱི་འབོར་ཚོད་འཛིན་བྱས་ཆོག

    དོན་ཚན་བཅོ་བརྒྱད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡིས་ངེས་པར་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆུའི་སྦགས་བཙོག་འགོག་བཅོས་ཆ་འཕྲིན་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཆུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་པའི་འགན་འཁུར་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་དང་ཆུའི་སྦགས་བཙོག་འབྱུང་རྩར་ལྟ་ཞིབ་ཚད་ལེན་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་དང་དེའི་མངགས་བཏང་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་གྱི་ཆ་འཕྲིན་དུས་བཀག་ལྟར་ཁྱབ་བསྒྲགས་བྱས་ཏེ་གཙོ་གནད་བཙོག་དངོས་བཤངས་འབུད་ཚན་པས་ཆུའི་བཙོག་དངོས་བཤངས་འབུད་བྱས་ཚུལ་གྱི་ལྟ་ཞིབ་ཚད་ལེན་བྱས་འབྲས་སོགས་ཀྱི་ཆ་འཕྲིན་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་དགུ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐད་ཀར་རམ་གཞན་བརྒྱུད་གང་རུང་གི་རྣམ་པའི་ཐོག་ནས་ཆུ་ནང་ཆུ་སྙིགས་དང་བཙོག་ཆུ་བཤངས་འབུད་བྱེད་པའི་ཁེ་ལས་དང་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་བཙོག་འབུད་ཆོག་འཐུས་དོ་དམ་ལག་བསྟར་བྱེད་དགོས།

    བཙོག་འབུད་ཆོག་འཐུས་དོ་དམ་བྱེད་རྒྱུའི་ཁེ་ལས་དང་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་གཏན་འབེབས་ལྟར་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་ལ་བཙོག་འབུད་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་དགོས་པ་མ་ཟད། བཙོག་འབུད་ཆོག་འཐུས་ལག་ཁྱེར་ནང་གསལ་པོར་བཀོད་པའི་ཆུའི་སྦཌ་བཙོག་བཤངས་འབུད་ཀྱི་དངོས་རིགས་དང་། གར་ཚད། སྤྱི་འབོར། བཙོག་འབུད་བྱེད་ས་དང་བཤངས་འབུད་བྱས་དངོས་ཀྱི་ཁྱབ་ཕྱོགས་སོགས་ཀྱི་བླང་བྱ་ལྟར་ཆུའི་བཙོག་དངོས་བཤངས་འབུད་བྱེད་དགོས། ཆུའི་བཙོག་དངོས་བཤངས་འབུད་བྱེད་ཚད་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་ཆུའི་བཙོག་དངོས་བཤངས་འབུད་ཀྱི་ཚད་གཞི་དང་ཆུའི་བཙོག་དངོས་གཙོ་བོ་བཤངས་འབུད་བྱེད་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་ལས་བརྒལ་མི་ཆོག སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་བཙོག་འབུད་ཆོག་འཐུས་ལག་ཁྱེར་ལ་གཞིགས་ནས་བཙོག་འབུད་ཚན་པའི་བཙོག་འབུད་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་དགོས།

    ཁེ་ལས་དང་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་གིས་ཁྲིམས་ལྟར་བཙོག་འབུད་ཆོག་འཐུས་ལག་ཁྱེར་མ་རག་པའམ་བཙོག་འབུད་ཆོག་འཐུས་ལག་ཁྱེར་གྱི་གཏན་འབེབས་དང་འགལ་ནས་ཆུའི་བཙོག་དངོས་བཤངས་འབུད་བྱེད་རིགས་གཏན་འགོག་བྱེད་དགོས།

    དོན་ཚན་ཉི་ཤུ། བཙོག་འབུད་ཆོག་འཐུས་དོ་དམ་བྱེད་པའི་ཁེ་ལས་དང་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་གཞིར་བཟུང་། ཆུའི་བཙོག་དངོས་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རྩིས་ཐོ་བཟོ་བ། ཐོག་མའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཉར་ཚགས་བྱས་ནས་རང་འགུལ་ངང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཡོངས་བསྒྲགས་བྱེད་དགོས། ལྟ་ཞིབ་ཚད་ལེན་བྱེད་ནུས་མེད་པའི་རིགས་ལ་འོས་ཐོབ་ཡོད་པའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུའི་མངག་བཅོལ་བྱས་ན་འགྲིག

    གཙོ་གནད་བཙོག་འབུད་ཚན་པས་ཁྲིམས་ལྟར་ཆུའི་བཙོག་དངོས་བཤངས་འབུད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་དེ་བཞིན་བརྙན་ལམ་ལྟ་འདོམས་སྒྲིག་ཆས་སྒྲིག་སྦྱོར་དང་། བེད་སྤྱོད། སྲུང་སྐྱོང་བཅས་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པར་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱི་ལྟ་འདོམས་ལས་སྟེགས་དང་དྲ་སྦྲེལ་ཡང་ཐུབ་པར་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་གཙོ་གནད་བཙོག་འབུད་ཚན་པར་ཆུའི་བཙོག་དངོས་བཤངས་འབུད་ཀྱི་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཁོར་ཡུག་ཁྲིམས་སྒྱུར་དང་ཁོར་ཡུག་དོ་དམ་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་ཆོག

    དོན་ཚན་ཉེར་གཅིག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཀག་ལྟར་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད(ཆུ་བོ་དང་མཚོ་མོའི་འདམ་སྙིགས་ཚུད)ལ་ལྟ་ཞིབ་ཚད་ལེན་དང་དཔྱད་གདེང་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ཏེ་དམིགས་ཚད་བླང་བྱ་དང་ཟུང་འབྲེལ་གྱིས་བཅོས་སྐྱོང་ཇུས་གཞི་བཟོ་དགོས་པ་མ་ཟད། དུས་བཀག་ལྟར་བཅོས་སྐྱོང་བྱས་ཚུལ་ཁྱབ་བསྒྲགས་བྱེད་དགོས། བཅོས་སྐྱོང་ཇུས་གཞིའི་ནང་ངེས་པར་དུ་བཅོས་སྐྱོང་རྣམ་གྲངས་གཏན་འཁེལ་བྱེད་དགོས་པ་དང་། འགན་འཁུར་ཚན་པ་དང་འགན་འཁུར་བ་དེ་བཞིན་ཚད་ལོན་དུས་བཅད་བཅས་ཁ་གསལ་བཟོ་དགོས།

    དོན་ཚན་ཉེར་གཉིས། ཆུ་བོ་དང་མཚོ་མོའི་བཙོག་འབུད་བྱེད་ས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་པའམ་ཡང་ན་བཟོས་ཟིན་པའི་ཆུ་བོའི་བཙོག་འབུད་བྱེད་ས་དང་བཤངས་འབུད་བྱེད་སྟངས་སོགས་ལེགས་སྒྲིག་བྱེད་དགོས་རིགས་ལ་ངེས་པར་དུ་ཁྲིམས་ལྟར་ཆོག་མཆན་ཐོབ་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་དང་དེའི་མངགས་བཏང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་བཙོག་འབུད་བྱེད་ས་ཁག་ལ་གྲལ་བཤེར་བྱས་ཏེ་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ་དང་རིགས་དབྱེའི་དོ་དམ་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མི་མཐུན་པའི་རིགས་ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

    ལེའུ་བཞི་པ། ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཐབས།

    ས་བཅད་དང་པོ། བཟོ་ལས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་ཉེར་གསུམ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བཟོ་ལས་བཀོད་པ་ལེགས་བཅོས་དང་། ཐོན་ལས་ལེགས་བསྡུས་ཞིབ་གཉེར་དང་མཉམ་འདུས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་བཟོ་ལས་མཉམ་འདུས་ཁུལ་ཚན་རིག་དང་མཐུན་པའི་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས། ཁེ་ལས་བཅའ་སྡོད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཙོག་ཆུ་གཅིག་སྡུད་གཙང་གསིང་ཐུབ་པ་དང་། ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་སྤྱད་ནས་ཆུ་བསྐྱར་དུ་སྤྱོད་ཚད་མཐོ་རུ་བཏང་ནས་ཆུ་སྙིགས་དང་བཙོག་དངོས་བཤངས་འབུད་བྱེད་ཚད་ཉུང་དུ་གཏོང་དགོས།

    གཙོ་གནད་ཆུའི་བཙོག་དངོས་བཤངས་འབུད་ཀྱི་བཟོ་ལས་རྣམ་གྲངས་གསར་སྐྲུན་བྱེད་པར་རྩ་དོན་ཐོག་ངེས་པར་དུ་འབྲེལ་ཡོད་འཆར་འགོད་དང་མཐུན་པའི་བཟོ་ལས་མཉམ་འདུས་ཁུལ་དུ་བཅའ་སྡོད་བྱེད་དགོས། ད་ཡོད་བཟོ་ལས་དང་ཁེ་ལས་ལ་བཟོ་ལས་མཉམ་འདུས་ཁུལ་དུ་བཅའ་སྡོད་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།

    དོན་ཚན་ཉེར་བཞི། བཟོ་ལས་མཉམ་འདུས་ཁུལ་ནས་ངེས་པར་དུ་བཙོག་ཆུ་མཉམ་འདུས་ཀྱི་མདོང་ལམ་དྲ་བར་བཤངས་འབུད་དང་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ཆ་ཚང་བཟོས་ཏེ་རང་འགུལ་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱི་ལྟ་འདོམས་ལས་སྟེགས་དང་དྲ་སྦྲེལ་བྱེད་དགོས། བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ལ་ངེས་པར་དུ་དེ་མཚུངས་ཀྱི་གཙང་གསིང་བྱེད་ནུས་ཡོད་པ་དང་། བཟོ་ལས་མཉམ་འདུས་ཁུལ་གྱི་ཆུ་སྙིགས་གཙང་གསིང་བྱས་རྗེས་ཚད་གཞི་ལོན་པར་བྱེད་དགོས།

    དོན་ཚན་ཉེར་ལྔ། བཟོ་ལས་ཀྱི་ཆུ་སྙིགས་བཤངས་འབུད་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཆུ་སྙིགས་ཐོན་རིགས་ཚང་མ་གཅིག་བསྡུས་དང་གཙང་གསིང་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བར་བྱེད་དགོས། དུག་གནོད་ཡོད་པའི་ཆུའི་བཙོག་དངོས་རིགས་ཀྱི་བཟོ་ལས་ཆུ་སྙིགས་ངེས་པར་དུ་རིགས་དབྱེ་གཅིག་བསྡུས་དང་གཙང་གསིང་བྱེད་དགོས་པ་ལས་ཞུ་ཁུ་སླ་གཏོང་གིས་བཤངས་འབུད་བྱེད་མི་ཆོག

    བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ལ་བཟོ་ལས་ཀྱི་ཆུ་སྙིགས་བཤངས་འབུད་བྱེད་རིགས། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་ཚུད་ནས་ཐག་གཅོད་བྱེད་དགོས་པ་དང་། གཅིག་སྡུད་ཐོག་གཙང་གསིང་བྱེད་པའི་སྒྲིག་བཀོད་དང་བཟོ་རྩལ་ཐག་གཅོད་ཀྱི་བླང་བྱ་དང་མཐུན་རྗེས་གཞི་ནས་བཤངས་འབུད་བྱེད་ཆོག

    དོན་ཚན་ཉེར་དྲུག བཙོག་ཆུ་གཅིག་སྡུད་ཀྱི་གཙང་གསིང་སྒྲིག་བཀོད་ཀྱི་ལས་གཉེར་ཚན་པས་ངེས་པར་དུ་བཟོ་ལས་ཀྱི་ཆུ་སྙིགས་བཤངས་འབུད་བྱེད་མཁན་ཁེ་ལས་ཀྱི་ཆུའི་སྤུས་ཚད་ལ་མ་དཔེ་བླངས་ནས་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་པའི་ཆུའི་སྤུས་ཚད་དེ་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་དང་བཟོ་རྩལ་གྱི་གཙང་གསིང་བྱེད་རྒྱུའི་བླང་བྱ་དང་བསྡུ་ལེན་གྱི་ཚད་གཞིར་སླེབས་མེད་པ་ཤེས་ཚེ། ངེས་པར་དུ་བྱེད་ཐབས་དུས་ཐོག་ཏུ་སྤྱོད་དགོས་པ་མ་ཟད་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བདུན། རིམ་ཁག་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ནས་བེད་མེད་དུ་བཏང་རིགས་དང་བཀག་སྡོམ་བྱས་རིགས་ཀྱི་དཀར་ཆག་ནང་བཀོད་པའི་ཆུའི་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོ་བའི་བཟོ་རྩལ་དང་། སྒྲིག་ཆས། རྣམ་གྲངས་བཅས་ནང་འདྲེན་བྱས་མི་ཆོག

    ཁེ་ལས་དང་བྱ་གཞག་ཚན་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་གཏན་འབེབས་བྱས་པའི་དུས་བཀག་ནང་ཐོན་སྐྱེད་དང་། བྲིན་ཚོང་། ནང་འདྲེན་བཅས་བྱེད་མཚམས་འཇོག་པའམ་ཡང་ན་རྒྱལ་ཁབ་ཀྱིས་བེད་མེད་དུ་བཏང་རིགས་ཀྱི་དཀར་ཆག་ནང་བཀོད་པའི་བཟོ་རྩལ་དང་སྒྲིག་ཆས་བེད་སྤྱོད་བྱེད་མི་ཆོག་ལ། བེད་མེད་སྒྲིག་ཆས་མི་གཞན་ལ་ནང་བཤུག་བཏང་ནས་བེད་སྤྱོད་བྱེད་དུ་བཅུག་མི་ཆོག

    དོན་ཚན་ཉེར་བརྒྱད། ཁེ་ལས་ཀྱིས་ངེས་པར་དུ་མ་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་བ་དང་སྦགས་བཙོག་དངོས་པོ་བཤངས་འབུད་བྱེད་ཚད་ཉུང་བའི་གཙང་ལྡན་བཟོ་རྩལ་བེད་སྤྱོད་བྱེད་པ་དང་། གཏན་འབེབས་གཞིར་བཟུང་གཙང་ལྡན་ཐོན་སྐྱེད་ཀྱི་ཞིབ་དཔྱད་བྱེད་དགོས་པ་མ་ཟད། དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་རྩ་ནས་ཆུའི་བཙོག་དངོས་ཐོན་ཚད་ཉུང་དུ་གཏོང་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་ཀྱིས་གཙང་ལྡན་ཐོན་སྐྱེད་བྱེད་པར་སྐུལ་ལྕག་བཏང་སྟེ་ཆུའི་བཙོག་དངོས་བཤངས་འབུད་ཉུང་དུ་གཏོང་ཆེད་ལག་རྩལ་བསྒྱུར་བཀོད་དམ་ཡང་ན་ཐོན་སྐྱེད་གཞན་སྒྱུར་ཁེ་ལས་ལ་ནོར་སྲིད་དང་། དངུལ་རྩ། ས་ཆ་བེད་སྤྱོད། ནུས་པའི་འབྱུང་ཁུངས་མཁོ་འདོན། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རོགས་སྐྱོར་བྱེད་དགོས།

    ས་བཅད་གཉིས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་ཉེར་དགུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གོང་འཕེལ་སྒྱུར་བཅོས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན་སོཌ་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་འགོད་པ་དང་། ནོར་སྲིད་སོགས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་མདོང་ལམ་དྲ་བ་དང་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་སྤྱི་ཡོངས་ལ་ཁྱབ་པར་བྱེད་རྒྱུའི་སྐུལ་འདེད་གཏོང་དགོས།

    དོན་ཚན་སུམ་ཅུ། རྫོང་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་གཞིར་བཟུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་དང་། ཡུན་རིང་རང་བཞིན་གྱི་འདམ་རྫབ་གཙང་གསིང་སྒྲིག་བཀོད་དེ་བཞིན་ཚང་སྒྲིག་སྦུག་ལམ་དྲ་བ་བཅས་སྐྲུན་པར་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྒྲིལ་དང་གཙང་གསིང་བྱེད་ཚད་མཐོ་རུ་གཏོང་དགོས།

    དོན་ཚན་སོ་གཅིག རྫོང་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འགྲོ་དང་བཙོག་ཆུའི་སྦུག་དྲའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་གྲལ་བཤེར་དང་ཕུགས་ཕན་བདག་སྐྱོང་ལམ་སྲོལ་བཙུགས་ནས་འབྲེལ་ཡོད་ལས་ཀའི་འགྲོ་གྲོན་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འགྲོ་སོགས་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ནས་སྡོད་ཁང་ཁུལ་ཆུང་དང་། སྤྱི་པའི་འཛུགས་སྐྲུན། ཁེ་ལས་བྱ་གཞག་ཚན་པ་སོགས་ནང་ཁུལ་གྱི་ཆུ་འགྲོ་མདོང་ལམ་དྲ་བ་འཛུགས་སྐྲུན་དང་། སྲུང་སྐྱོང་། དོ་དམ་བཅས་བྱེད་པའི་འགན་འཁྲི་དང་བླང་བྱ་ཁ་གསལ་བཟོ་དགོས་པ་མ་ཟད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

    དོན་ཚན་སོ་གཉིས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ལས་གཉེར་ཚན་པས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བཙོག་ཆུ་བཤངས་འབུད་བྱེད་མཁན་ལ་བཙོག་ཆུ་གཙང་གསིང་གི་གླ་རིན་ཡོད་པའི་ཞབས་ཞུ་སྒྲུབ་དགོས་པ་དང་། བཙོག་ཆུ་གཙང་གསིང་གི་གླ་རིན་བླངས་ནས་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བཙོག་ཆུ་གཙང་གསིང་གི་གླ་རིན་དེ་ངེས་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་འཁོར་སྐྱོད་དང་འདམ་རྫབ་གཙང་གསིང་ཐད་སྤྱོད་དགོས་པ་ལས་གཞན་དག་ལ་སྤྱོད་མི་ཆོག

    དོན་ཚན་སོ་གསུམ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ལས་གཉེར་ཚན་པའམ་ཡང་ན་འདམ་རྫབ་གཙང་གསིང་བྱེད་མཁན་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་བདེ་འཇགས་ངང་འདམ་རྫབ་གཙང་གསིང་བྱས་ཏེ་འདམ་རྫབ་ཉུང་འཕྲི་དང་ཐོན་ཁུངས་ཅན་དུ་འགྱུར་བར་བྱེད་དགོས་པ་དང་། འདམ་རྫབ་གཏོང་ས་དང་། སྤྱོད་སྒོ། སྤྱོད་ཚད་སོགས་ལ་རྗེས་འདེད་ཐོ་འགོད་བྱས་ནས་སྦགས་བཙོག་ཐེངས་གཉིས་པ་མི་ཡོང་བ་བྱེད་དགོས།

    གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་གསར་འཛུགས་བྱེད་རིགས་ངེས་པར་དུ་དུས་མཚུངས་སུ་འདམ་རྫབ་གཙང་གསིང་སྒྲིག་བཀོད་ཆ་ཚང་བར་སྒྲིག་སྦྱོར་བྱེད་དགོས་པ་དང་། འདམ་རྫབ་གཙང་བཟོའི་སྒྲིག་བཀོད་ཆ་ཚང་བར་སྒྲིག་སྦྱོར་བྱས་མེད་པའམ་ཡང་ན་འདམ་རྫབ་གཙང་བཟོའི་ནུས་པ་མེད་པའི་རིགས། ངེས་པར་དུ་དེ་མཚུངས་ཀྱི་ནུས་ལྡན་ཚན་པར་མངག་བཅོལ་གྱིས་འདམ་རྫབ་གཙང་གསིང་བྱེད་དགོས།

    དོན་ཚན་སོ་བཞི། བཟའ་བཏུང་དང་། རླངས་འཁོར་འཁྲུ་བ། གོས་འཁྲུ། གཟུགས་འཁྲུ། བྱད་བཞིན་མཛེས་བཟོ་སོགས་ལས་རིགས་གཉེར་སྐྱོང་པས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཙོག་ཆུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འགྲོའི་སྒྲིག་བཀོད་ནང་གཏོང་དགོས་པ་དང་། འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་བཟའ་བཏུང་སོགས་ལས་རིགས་ཀྱི་སྣུམ་སྙིགས་བླུགས་ས་སོགས་བཙོག་ཆུ་སྔོན་ཚུད་ནས་གཙང་གསིང་བྱེད་པའི་སྒྲིག་བཀོད་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ནད་ཡམས་འགོག་ཟོན་བྱེད་རིང་གཅིག་སྡུད་གསོ་རིག་ལྟ་ཞིབ་བྱེད་ས་ནས་ཐོན་པའི་བཙོག་ཆུ་དང་དེ་བཞིན་འགོས་ནད་ཡོད་པའམ་ཡང་ན་དོགས་ཡོད་ནད་པའི་བཤང་གཅི་བཅས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུག་སེལ་ནན་པོ་བྱས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བཙོག་འབུད་ཚད་གཞི་ལོན་རྗེས་གཞི་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་མདོང་ལམ་དྲ་བའི་ནང་གཏོང་ཆོག

    དོན་ཚན་སོ་ལྔ། གྲོང་ཁྱེར་དང་གྲོང་རྡལ་ཁུལ་གསར་སྤེལ་དང་འཛུགས་སྐྲུན་བྱེད་རིགས་ངེས་པར་དུ་ཆར་ཆུ་དང་བཙོག་ཆུ་ཁག་སོ་སོར་གཏོང་དགོས། ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་ཀྱི་ཆ་རྐྱེན་འཛོམས་པའི་རྫོང(ཆུས་དང་གྲོང་ཁྱེར)གིས་ངེས་པར་དུ་ས་གནས་དེ་གའི་ཆུ་འགྲོའི་མ་ལག་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཀྱི་ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་བསྒྱུར་བཀོད་འཆར་གཞི་བཟོས་ཏེ་ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་ཀྱིས་བསྒྱུར་བཀོད་བྱེད་དགོས། གནས་སྐབས་ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་བསྒྱུར་བཀོད་ཀྱི་ཆ་རྐྱེན་མེད་པའི་རྫོང(ཆུས་དང་གྲོང་ཁྱེར) གིས་ངེས་པར་དུ་བཞུར་རྒྱུན་གཅོད་པ་དང་། སྙོམ་གསོག བཅོས་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་སྦགས་བཙོག་བཞུར་རྒྱུག་གི་བཙོག་ཆུ་གཏོང་སའི་ཆུ་བོ་དང་དེའི་ཁོར་ཡུག་ལ་གནོད་སྐྱོན་ཕོག་ཉུང་དུ་གཏོང་དགོས།

    ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད་ཀྱི་ས་ཁོངས་སུ་ཚན་པ་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཆར་ཆུ་གསོག་ས་དང་ཆར་ཆུ་འགྲོ་སའི་མདོང་ལམ་དུ་བཙོག་ཆུ་དང་། བཙོག་དངོས། གད་སྙིགས་སོགས་སྙིགས་རོ་བཤངས་འབུད་བྱེད་པའམ་གཤོ་མི་ཆོག

    ས་བཅད་གསུམ་པ། ཞིང་འབྲོག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་སོ་དྲུག རྫོང་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་གྲོང་གསེབ་གོང་འཕེལ་གཏོང་རྒྱུའི་བཀོད་པ་ལེགས་བཅོས་བྱེད་དགོས་པ་དང་། གྲོང་ཚོ་དང་གྲོང་རྡལ་དབར་ཁུལ་ཁོངས་མི་འདྲ་བའི་ཆ་རྐྱེན་དང་། གྲོང་ཚོའི་མི་འབོར་འདུས་ཚོགས་བྱེད་ཚད། བཙོག་ཆུའི་གཞི་ཁྱོན་གྲུབ་པ་སོགས་ལ་གཞིགས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་སྟངས་དེ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཅིག་སྒྲིལ་གཙང་སེལ་བྱེད་རྒྱུའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས་པ་མ་ཟད་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་མདོང་ལམ་དྲ་བ་དང་བར་ཐག་ཅུང་ཉེ་བའི་གྲོང་གསེབ་དང་གྲོང་ཁྱེར་གྲོང་རྡལ་ཉེ་འཁོར་གྱི་གྲོང་ཚོ་དེ་དག་གི་བཙོག་ཆུ་དེ་བར་ཐག་ཉེ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་རྒྱུའི་སྒྲིག་བཀོད་ནང་མཐུད་འཇུག་བྱས་ཆོག་པ་དང་། མདོང་དྲ་དང་བར་ཐག་ཅུང་རིང་བ་དང་མི་འབོར་འདུས་ཚད་ཆེ་བའི་གྲོང་ཚོ་དེ་དག་ཞིང་འབྲོག་ཁུལ་དུ་འཚོ་བའི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་རྒྱུའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཆོག ཐག་རིང་ལུང་ཁུག་གི་ཁ་ཐོར་དུ་གནས་པ་དང་མི་འབོར་ཅུང་ཉུང་བའི་གྲོང་ཚོས་ཁག་བགོས་ཐོག་བཙོག་ཆུ་གཙང་གསིང་བྱས་ཆོག་པས། ཞིང་འབྲོག་ཁུལ་དུ་ཁག་བགོས་རྣམ་པའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་རྒྱུར་སྐུལ་ལྕག་གཏོང་དགོས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་སྒྱུར་བཀོད་འབྲེལ་མཐུད་ནུས་ལྡན་བྱེད་དགོས།

    དོན་ཚན་སོ་བདུན། ཞིང་འབྲོག་ཁུལ་གྱི་གླིང་ཁ་དང་། དམངས་སྲོལ་གནས་ཚང་། སྒར་ས་སོགས་ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་བཙོག་ཆུ་དེ་བར་ཐག་ཉེ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ནང་མཐུད་མཇུག་བྱེད་དགོས་པའམ་ཡང་ན་རང་གིས་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་དགོས། རང་གིས་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐབས། སྒྲིག་བཀོད་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་དགོས་པ་མ་ཟད་བཤངས་འབུད་ཚད་གཞི་དང་མཐུན་པར་འགན་ལེན་བྱེད་དགོས།

    སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་རྒྱུར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུར་ཤུགས་རྒྱག་དགོས།

    དོན་ཚན་སོ་བརྒྱད། རྫོང་པ་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཁུལ་དེ་གའི་ཞིང་ལས་ཐོན་ལས་ཀྱི་ཁྱབ་བཀོད་འཆར་འགོད་ལུགས་མཐུན་བྱས་ནས། ཞིང་ལས་འབྱུང་འཕྲོད་ལྡན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་བྱ་ཐབས་སྤྱད་ནས། ཞིང་ལས་ཐོན་སྐྱེད་མཁན་གྱིས་རྫས་ལུད་དང་ཞིང་སྨན་བེད་སྤྱོད་བྱེད་རྒྱུ་དེ་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པར་མཛུབ་སྟོན་བྱེད་དགོས་པ་དང་། སྐྱེ་ལྡན་ལུད་བེད་སྤྱོད་བྱེད་པར་སྐུལ་མ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་རྒྱག་པ་དང་། ཆུ་བསྲིའི་ཞིང་ཆུ་གཏོང་བ། ལྗང་མདོག་བཀག་འགོག་ལག་རྩལ་བཅས་ཁྱབ་གདལ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་རེས་འདེབས་དང་འདེབས་གསོ་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་ཞིང་ལས་གོང་འཕེལ་གཏོང་དགོས།

    དོན་ཚན་སོ་དགུ། ཞིང་ཆུ་འདྲེན་པའི་ཆུ་དེ་ངེས་པར་དུ་བབ་མཚུངས་ཀྱི་ཆུ་སྤུས་ཚད་གཞི་དང་མཐུན་དགོས་ལ། ས་རྒྱུ་དང་། ས་འོག་གི་ཆུ། ཞིང་ལས་ཐོན་རྫས་བཅས་ལ་སྦགས་བཙོག་མི་ཡོང་བའི་སྔོན་འགོག་བྱེད་དགོས།

    ཆུ་ཡུར་ནང་བཟོ་ལས་ཆུ་སྙིགས་སམ་སྨན་བཅོས་ཀྱི་བཙོག་ཆུ་བཤང་མི་ཆོག ཆུ་ཡུར་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་། ཕྱོགས་བསྡུས་བེད་སྤྱོད་མ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་ཆུ་སྙིགས། ཞིང་ལས་ཐོན་རྫས་ལས་སྣོན་བྱས་པའི་ཆུ་སྙིགས་བཅས་བཤང་ཚེ། ངེས་པར་དུ་དེའི་རྒྱུག་ཁུལ་སྨད་རྒྱུད་དང་བར་ཐག་ཉེ་ཤོས་ཀྱི་ཞིང་ཆུ་འདྲེན་བྱའི་ཆུ་སྤུས་དེ་ཞིང་ཆུ་འདྲེན་བྱའི་ཆུ་སྤུས་དང་མཐུན་ཐུབ་པའི་འགན་ལེན་བྱེད་དགོས།

    དོན་ཚན་བཞི་བཅུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་རྒྱུའི་བླང་བྱ་ལྟར། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་རྒྱུའི་བཀོད་པ་ཚད་ལྡན་ལེགས་བཅོས་བྱེད་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ཀྱི་བཀག་རྒྱའི་ཁུལ་དེ་ཁྲིམས་ལྟར་དབྱེ་འབྱེད་གཏན་འབེབས་དང་ལེགས་སྒྲིག་བྱེད་དགོས་པ་མ་ཟད། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ཀྱི་གཞི་ཁྱོན་དང་བསྡོམས་འབོར་དེ་ཚན་རིག་དང་མཐུན་པར་གཏན་འཁེལ་བྱེད་དགོས།

    སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ར་བར་ངེས་པར་དུ་ཁྲིམས་ལྟར་བབ་མཚུངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་། བཙོག་ཆུ། ཆར་ཆུ་བཅས་ཁག་བགོས་བཤངས་འབུད་བྱེད་རྒྱུའི་སྒྲིག་བཀོད་ཆ་འགྲིག་བྱེད་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་། བཙོག་ཆུ་གསོག་ཉར། ཕྱོགས་བསྡུས་བེད་སྤྱོད། གནོད་མེད་ཅན་དུ་བསྒྱུར་རྒྱུ་བཅས་ཀྱི་སྒྲིག་བཀོད་ཀྱང་ཆ་འགྲིག་བྱས་ཏེ་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    སྒོ་ཕྱུགས་དང་ཁྱིམ་བྱ་སྡོམ་གསོས་རྒྱག་མཁན་གྱིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་བཙོག་ཆུ་དེ་དག་སིམ་འགྲོ་བ། ལུད་འགྲོ་བ། ཐོར་བ་བཅས་མི་ཡོང་བའི་སྔོན་འགོག་བྱེད་དགོས།

    ས་བཅད་བཞི་པ། འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་དང་སྦགས་བཙོག་འགོག་བཅོས།

    དོན་ཚན་ཞེ་གཅིག འཐུང་ཆུའི་ཆུ་རྩ་སྲུང་ཁུལ་ལ་སྲུང་ཁུལ་རིམ་པ་དང་པོ་དང་རིམ་པ་གཉིས་པ་གཉིས་སུ་དབྱེ་ཡོད། དགོས་ངེས་སྐབས་འཐུང་ཆུའི་ཆུ་རྩ་སྲུང་ཁུལ་གྱི་ཕྱིའི་མཐའ་སྐོར་དུ་ས་རྒྱ་ངེས་ཅན་ཞིག་དབྱེ་འབྱེད་གཏན་འབེབས་བྱས་ནས་སྲུང་ཁུལ་གཞན་དུ་བརྩི་ཆོག

    འཐུང་ཆུའི་ཆུ་རྩ་སྲུང་ཁུལ་དབྱེ་མཚམས་འབྱེད་རྒྱུ་དེ། འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་དབྱེ་འབྱེད་གཏན་འབེབས་ཀྱི་ཇུས་གཞི་བཏོན་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་རྒྱུར་འབུལ་དགོས། ས་གནས(གྲོང་ཁྱེར)དང་རྫོང(ཆུས། གྲོང་ཁྱེར)བརྒལ་བའི་འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་ཁུལ་དབྱེ་མཚམས་འབྱེད་རྒྱུ་དེ། འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ནས་དབྱེ་མཚམས་འབྱེད་པའི་ཇུས་གཞི་འདོན་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་རྒྱུར་འབུལ་དགོས།

    འཐུང་ཆུའི་ཆུ་རྩ་སྲུང་ཁུལ་ལམ་ཡང་ན་སྲུང་ཁུལ་ཁྱབ་ཁོངས་ལེགས་སྒྲིག་བྱེད་པར་ངེས་པར་དུ་དེ་སྔའི་ཞིབ་མཆན་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་དགོས།

    དོན་ཚན་ཞེ་གཉིས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་རྩ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་སྦུག་དྲ་སྣུར་སྲིང་བྱེད་པའམ་ཡང་ན་གྲོང་ཚོ་དང་ཤང་གྲོང་རྡལ་བརྒལ་བའི་ཡུག་གཅིག་ཏུ་འབྲེལ་བའི་གཅིག་བསྡུས་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞི་ཁྱོན་ལྡན་པའི་གོང་འཕེལ་གྱིས་གཅིག་སྡུད་ཆུ་མཁོ་འདོན་བྱེད་དགོས།

    དོན་ཚན་ཞེ་གསུམ། འཐུང་ཆུའི་ཆུ་རྩ་སྲུང་ཁུལ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་ཆུ་རྩ་ཁུལ་འཛུགས་སྐྲུན་ཚད་ལྡན་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་ཁུལ་གྱི་ས་མཚམས་སུ་ས་ཁམས་མཚོན་རྟགས་དང་ཉེན་ཟོན་མཚོན་རྟགས་འཛུགས་དགོས་པ་མ་ཟད། དོ་དམ་དང་སྲུང་སྐྱོང་བྱེད་རྒྱུར་ཤུགས་རྒྱག་དགོས།

    སྡེ་ཚན་དང་མི་སྒེར་གང་རུང་གིས་འཐུང་ཆུའི་ཆུ་རྩ་སྲུང་ཁུལ་གྱི་ས་ཁམས་མཚོན་རྟགས་དང་ཉེན་ཟོན་མཚོན་རྟགས་དེ་ནག་བསུབ་གཏོང་བ་དང་། གཏོར་བརླག་གཏོང་བ། རང་གར་གནས་སྤོས་བྱེད་པ་བཅས་བྱས་མི་ཆོག

    དོན་ཚན་ཞེ་བཞི། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སོགས་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ནས་འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་ཁུལ་དང་། ས་འོག་གི་འཐུང་ཆུའི་ཆུ་རྩ་གསོ་ཁུལ། དེ་བཞིན་ཆུ་མཁོ་འདོན་ཚན་པའི་ཉེ་འཁོར་ས་ཁོངས་ཀྱི་ཁོར་ཡུག་གནས་ཚུལ་དང་སྦགས་བཙོག་གི་ཉེན་ཁ་བཅས་ལ་བརྟག་དཔྱད་དང་དཔྱད་དཔོག་བྱས་ཏེ། ཁྲིམས་སྒྱུར་ལྟ་སྡོམ་དང་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱིས་ཆུ་རྩའི་བདེ་འཇགས་ལ་གནོད་པའི་གནས་ཚུལ་མི་ལྷག་པ་བྱེད་དགོས།

    དོན་ཚན་ཞེ་ལྔ། འཐུང་ཆུའི་ཆུ་རྩ་སྲུང་ཁུལ་རིམ་པ་དང་པོའི་ནང་གཤམ་གསལ་བྱ་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།

    (གཅིག) ཆུ་སྤྲོད་སྒྲིག་བཀོད་དང་ཆུ་རྩ་སྲུང་སྐྱོབ་དེ་གཉིས་ཀ་དང་འབྲེལ་བ་མེད་པའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་མི་ཆོག་པ་དང་།

    (གཉིས) དྲ་སྒམ་ནང་གསོ་སྤེལ་དང་། ཡུལ་སྐོར། ཆུ་རྐྱལ། ཉ་འཛིན། བཟའ་བཏུང་བཅས་གཉེར་བའམ་ཡང་ན་འཐུང་ཆུར་སྦགས་བཙོག་བཟོ་སྲིད་པའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

    དོན་ཚན་ཞེ་དྲུག འཐུང་ཆུའི་ཆུ་རྩ་སྲུང་ཁུལ་རིམ་པ་གཉིས་པའི་ནང་གཤམ་གསལ་བྱ་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།

    (གཅིག) ཆུར་སྦགས་བཙོག་བཟོ་བའི་དངོས་རིགས་བཤང་འབུད་ཀྱི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་མི་ཆོག་པ་དང་།

    (གཉིས) བཟོ་ལས་ཀྱི་སྙིགས་རོ་དང་། ཉེན་ཆེའི་སྙིགས་རོ་གཅིག་བསྡུས་ཀྱིས་གསོག་ཉར་དང་། བེད་སྤྱོད། གཙང་སེལ་བཅས་བྱེད་རྒྱུའི་སྒྲིག་བཀོད་དང་། ར་བ། འཚོ་བའི་གད་སྙིགས་ས་སྦས་གཏོང་ས་བཅས་འཛུགས་སྐྲུན་བྱས་མི་ཆོག

    (གསུམ) ཆུ་ལམ་དང་གྲམ་ཐང་དུ་ཞིང་ཁ་བཟོ་བའམ་ཡང་ན་ཆུ་ལམ་དང་ཆུ་མཛོད་སོགས་སུ་རྡོ་འདོན་པ་དང་། གཤག་ཕྱེ་འདོན་པ། ས་ལེན་པ། བྱེ་རྡོ་བསྐྱུར་འཇོག་བྱེད་པ་བཅས་བྱས་མི་ཆོག

    (བཞི) སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ར་བ་བསྐྲུན་མི་ཆོག

    (ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག

    དོན་ཚན་ཞེ་བདུན། འཐུང་ཆུའི་ཆུ་རྩ་རྗེས་མཐུན་སྲུང་ཁུལ་དུ་གཤམ་གསལ་བྱ་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།

    (གཅིག) ཆུར་སྦགས་བཙོག་ཚབས་ཆེན་བཟོ་བའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་རྒྱས་སྐྲུན་བྱེད་པའམ་ཡང་ན་སྦགས་བཙོག་བཤངས་འབུད་བྱེད་ཚད་མང་དུ་འགྲོ་བའི་འཛུགས་སྐྲུན་རྣམ་གྲངས་བསྐྱར་བསྐྲུན་དང་མང་དུ་བཏང་རིགས་བྱས་མི་ཆོག

    (གཉིས) སྙིགས་རོ་གཤོ་བ་དང་། སྤུངས་བ། གསོག་ཉར་བཅས་བྱས་མི་ཆོག

    (གསུམ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་བྱ་སྤྱོད་གཞན་དག་བྱས་མི་ཆོག

    ས་བཅད་ལྔ་པ། ས་འོག་ཆུ་དང་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་བཅོས།

    དོན་ཚན་ཞེ་བརྒྱད། རྫས་འགྱུར་དངོས་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་དེ་བཞིན་བཟོ་ལས་མཉམ་འདུས་ཁུལ་དང་། གཏེར་རི་སྔོག་འདོན་ཁུལ། གཏེར་སྙིགས་གསོག་མཛོད། ཉེན་ཆེའི་སྙིགས་རོ་གཙང་སེལ་བྱེད་ས། གད་སྙིགས་སྦས་ས་སོགས་གཉེར་སྐྱོང་དང་དོ་དམ་བྱེད་མཁན་ཚན་པས་ངེས་པར་དུ་སིམ་ཟགས་བཀག་འགོག་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱོད་དགོས་པ་མ་ཟད། ས་འོག་གི་ཆུ་སྤུས་ལྟ་ཞིབ་ཚད་ལེན་ཁྲོན་པ་བསྐྲུན་ནས་ལྟ་ཞིབ་ཚད་ལེན་བྱེད་དགོས།

    ས་འོག་གི་ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་གཙོ་གནད་དེ་བཙོག་འབུད་ཚན་པས་ངེས་པར་དུ་ཁྲིམས་ལྟར་ཆུའི་བཙོག་དངོས་བཤངས་འབུད་བྱས་འབྲས་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ཁག་གིས་ལས་སྟེགས་དྲ་སྦྲེལ་ལ་ལྟ་སྡོམ་བྱེད་དགོས་པ་མ་ཟད། ལྟ་ཞིབ་ཚད་ལེན་སྒྲིག་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་པོ་དང་མཚེའུ་རྒྱུད་ཀྱི་གད་སྙིཌ་སྦས་ས་དང་། སྣུམ་སྣོན་ས་ཚིཌ། གཏེར་རི། གཏེར་སྙིགས་བང་མཛོད། ཉེན་ཆེའི་སྙིགས་རོ་གཙང་སེལ་བྱེད་ས། བཟོ་ལས་གླིང་ཁུལ་སོགས་ས་འོག་ཆུར་སྦགས་བཙོག་ཡོང་ཁུངས་གཙོ་བོ་དང་དེའི་ཉེ་འཁོར་གྱི་ས་འོག་གི་ཆུའི་ཁོར་ཡུག་གི་མངོན་མེད་ཉེན་ཁར་བརྟག་དཔྱད་དང་དཔྱད་དཔོག་བྱེད་རྒྱུར་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། བབ་མཚུངས་ཀྱི་ཉེན་ཁ་སྔོན་འགོག་དང་བཅོས་སྐྱོང་བྱེད་ཐབས་སྤྱོད་དགོས།

    དོན་ཚན་ཞེ་དགུ། ས་འོག་རྩད་ཞིབ་དང་། གཏེར་ཁ་སྔོག་འདོན། ལས་གྲྭའི་ཆུ་འབེབས། ས་འོག་བར་སྟོང་གསར་སྤེལ་བེད་སྤྱོད་སོགས་བྱས་ནས་ས་འོག་གི་ཆུར་གནོད་པའི་ལས་སྒོ་སྤེལ་བ་དང་། ས་འོག་ཚ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཆུ་དྲོད་འཐེན་ཕུམ་མམ་ཡང་ན་ས་དྲོད་འཐེན་ཕུམ་གྱི་ལག་རྩལ་བེད་སྤྱོད་བྱས་རིགས། ངེས་པར་དུ་འགོག་སྲུང་རང་བཞིན་གྱི་བྱ་ཐབས་སྤྱད་དེ་ས་འོག་གི་ཆུར་སྦགས་བཙོག་མི་ཡོང་བ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ཆུའི་སྲིད་འཛིན་སོགས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་བྱེད་རྒྱུར་ཤུགས་རྒྱག་དགོས།

    དོན་ཚན་ལྔ་བཅུ། ས་འོག་གི་ཆུ་ཚན་ཐོན་ཁུངས་སྤྱད་དེ་དྲོད་ལེན་པ། ཁྲུས་བྱེད་པ། ཆུའི་ནང་རོལ་རྩེད་བྱེད་པ་སོགས་ཀྱི་ལས་གཉེར་བྱེད་སྒོ་སྤེལ་རིགས། ངེས་པར་དུ་ཆུ་གཞུག་གི་དྲོད་ཚད་དམའ་རུ་གཏོང་དགོས་པའམ་ཡང་ན་གཙང་གསིང་བྱས་ནས། བབ་མཚུངས་ཀྱི་བཤངས་འབུད་ཚད་གཞི་དང་མཐུན་ན་གཞི་ནས་བཤངས་འབུད་བྱས་ཆོག

    དོན་ཚན་ང་གཅིག རང་སྐྱོང་ལྗོངས་ཀྱིས་འབབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ཚོད་འཛིན་ལམ་ལུགས་ནན་པོ་བཟོས་ཏེ། གཙོ་གནད་འབབ་ཁུལ་གྱི་བཟོ་ལས་སྦགས་བཙོག་དང་། ཞིང་ཁུལ་ནས་བྱུང་བའི་སྦགས་བཙོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་སོགས་ལ་ཕྱོགས་བསྡུས་དོ་དམ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་རྒྱུར་ཤུགས་རྒྱག་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གཙོ་གནད་འབབ་ཁུལ་དུ་ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུའི་ཁོར་ཡུག་གི་སྦགས་བཙོག་སྔོན་འགོག་དང་། ཚོད་འཛིན། ཉུང་དུ་གཏོང་བ་བཅས་བྱེད་དགོས།

    དོན་ཚན་ང་གཉིས། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་འབབ་ཁུལ་དང་གཙོ་གནད་ཁུལ་ཁོངས་ཀྱི་ཆུའི་སྦགས་བཙོག་དེར་འགོག་བཅོས་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ལ་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས། ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་གལ་ཆེའི་དོན་གནད་དེར་མཉམ་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།

    འབྲེལ་ཡོད་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ས་ཁོངས་བརྒལ་བའི་མཉམ་འབྲེལ་ཚོགས་འདུའི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ཐོག ཁུལ་ཁོངས་མཉམ་ལས་སྤེལ་རྒྱུར་ཤུགས་བརྒྱབ་ནས། མཉམ་འབྲེལ་ཐོག་ལྟ་ཞིབ་ཚད་ལེན་དང་། མཉམ་འབྲེལ་ཁྲིམས་སྒྱུར། ཆུའི་ཁོར་ཡུག་སྲུང་སྐྱོབ། ཉེན་ཟོན་སྔོན་བརྡ། འཕྲལ་བསྟུན་ཐག་གཅོད་སོགས་གལ་ཆེའི་དོན་གནད་ཁག་ལ་དུས་བཀག་ལྟར་གྲོས་མོལ་བྱེད་དགོས། གྲོས་ཁ་གཅིག་མཐུན་མ་བྱུང་ན། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་དང་ཐག་གཅོད་གནང་རྒྱུར་འབུལ་དགོས།

    དོན་ཚན་ང་གསུམ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གོང་འཕེལ་སྒྱུར་བཅོས་དང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ཆུའི་སྲིད་འཛིན་སོགས་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཁྲིམས་ལྟར་ཆུ་བོ་དང་མཚེའུ་འགྲམ་ངོགས་སུ་དོ་དམ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆུ་བོ་དང་མཚེའུ་འགྲམ་ངོགས་མཁྲེགས་སྒྱུར་དང་རྐ་སྒྱུར་བྱེད་རིགས་ཚོད་འཛིན་ནན་པོ་བྱས་ཏེ། རང་བྱུང་ཅན་དང་སྐྱེ་ཁམས་ཅན་དུ་སྐུལ་འདེད་གཏོང་དགོས་པ་མ་ཟད། སྦགས་བཙོག་དང་གཏོར་བརླག་ཐེབས་པའི་སྐྱེ་ཁམས་བྱེད་ནུས་འགྲམ་ངོགས་ཀྱི་སྐྱེ་ཁམས་བསྐྱར་གསོ་བྱེད་དགོས།

    དོན་ཚན་ང་བཞི། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རི་དང་། ཆུ། ནགས། ཞིང་། མཚེའུ། རྩྭ་ཐང་། བྱེ་མ། འཁྱགས་པ་བཅས་གཞི་གཅིག་ཅན་ཏུ་གྱུར་རྒྱུར་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་གཙང་པོ་དང་ཆུ་བོའི་ཆུ་རྩ་ཁུལ་དང་། ཆུ་རྩ་གསོ་ཁུལ། འབྱུང་ཁམས་ཐད་གཏོར་སྐྱོན་ཕོག་སླ་བའི་ཁུལ་བཅས་ཀྱི་ཆུ་རྩ་གསོ་ཁུལ་དང་། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ལྷོད་གཏོང་རྒྱུད། གལ་ཆེའི་འདམ་ར་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བསྐྱར་གསོ་བྱེད་རྒྱུར་སྒྲིག་འཛུགས་བྱས་ཏེ། འབབ་ཁུལ་གྱི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཆེ་རུ་གཏོང་དགོས།

    ལེའུ་ལྔ་པ། ཆུའི་སྦགས་བཙོག་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་ཐག་གཅོད།

    དོན་ཚན་ང་ལྔ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྦགས་བཙོག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འགན་འཁྲི་འཁུར་མཁན་གཙོ་བོ་དང་། ཉེན་བརྡ་སྔོན་བརྡ་དང་དང་ལེན་གོ་རིམ། འཕྲལ་སྡོམ་ཐག་གཅོད་དང་འགན་སྲུང་བྱེད་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཐོག ཁྲིམས་ལྟར་ཐོལ་བྱུང་གི་ཆུའི་སྦགས་བཙོག་དོན་རྐྱེན་ལ་འཕྲལ་སྡོམ་གྲ་སྒྲིག་དང་། འཕྲལ་སྡོམ་ཐག་གཅོད། ལས་རྗེས་སླར་གསོ་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས།

    དོན་ཚན་ང་དྲུག ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་སྔོན་ཇུས་བཟོ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    འཐུང་ཆུ་མཁོ་སྤྲོད་ཚན་པས་ངེས་པར་དུ་ས་གནས་དེ་གའི་འཐུང་ཆུའི་བདེ་འཇགས་ཐད་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལ་གཞིགས་ནས། ཐོལ་བྱུང་དོན་རྐྱེན་ལ་བབ་མཚུངས་ཀྱི་འཕྲལ་སྡོམ་ཇུས་གཞི་བཟོས་ཐོག ས་གནས་དེ་གའི་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་སྙན་ཐོ་དཔོད་དགོས་པ་མ་ཟད་དུས་བཀག་ལྟར་དངོས་སྦྱོང་བྱེད་དགོས།

    འཐུང་ཆུའི་ཆུ་རྩར་སྦགས་བཙོག་དོན་རྐྱེན་བྱུང་བའམ་ཡང་ན་འཐུང་ཆུར་གནོད་སྲིད་པའི་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་གཞན་དག་བྱུང་ན། འཐུང་ཆུ་མཁོ་འདོན་ཚན་པས་ངེས་པར་དུ་འཕྲལ་མར་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་སྤྱད་དེ། ས་གནས་དེ་གའི་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་ང་བདུན། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྦགས་བཙོག་བཤངས་འབུད་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་འཚུབ་ལྟས་ཉེན་བརྡ་གཏོང་བའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གལ་ཆེའི་ཆུ་རྒྱུན་ལ་དམིགས་ནས་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་འཛུགས་དགོས་པ་དང་། ཐོལ་བྱུང་གི་ཆུའི་སྦགས་བཙོག་གི་དོན་རྐྱེན་འབྱུང་སྲིད་པའི་ཉེན་ཁའི་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ། ཆུའི་ཁོར་ཡུག་གི་རིམ་གྱུར་ལ་མཐའ་དཔྱོད་བཅས་བྱེད་རྒྱུའི་ལམ་སྲོལ་བཙུགས་ཏེ། ཉེན་ཁ་ཚོད་འཛིན་བྱེད་པའི་ཐབས་ཇུས་གཏན་འབེབས་བྱེད་དགོས།

    དོན་ཚན་ང་བརྒྱད། ཆུའི་སྦགས་བཙོག་གི་དོན་རྐྱེན་ཐོན་སྲིད་པའི་ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཚན་པ་དེ་གའི་ཆུའི་སྦགས་བཙོག་དོན་རྐྱེན་གྱི་འཕྲལ་སྡོམ་ཇུས་གཞི་བཟོས་ཏེ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་ནང་སྦྱོང་བྱེད་དགོས།

    ཉེན་ཆེའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་གསོག་ཉར་བྱེད་མཁན་གྱི་ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་བླང་བྱ་ལྟར་དོན་རྐྱེན་འཕྲལ་སྡོམ་རྫིང་བུ་སོགས་ཆུའི་སྦགས་བཙོག་ལ་འཕྲལ་དུ་མཁོ་བའི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས།

    ལས་འཛོལ་བྱུང་བའམ་ཡང་ན་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་གཞན་དག་བྱུང་བའི་རྐྱེན་གྱིས། ཆུར་སྦགས་བཙོག་དོན་རྐྱེན་བཟོ་བའམ་བཟོ་ཉེན་ཡོད་ཚེ། ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་ངེས་པར་དུ་འཕྲལ་མར་འཕྲལ་སྡོམ་ཇུས་གཞི་ལག་བསྟར་བྱེད་དགོས་པ་མ་ཟད། ཟུར་འཇོག་སོགས་འཕྲལ་སྡོམ་བྱ་ཐབས་སྤྱད་དེ། ཆུའི་བཙོག་དངོས་རིགས་ཆུ་རྒྱུན་ནམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འགྲོའི་སྦུག་དྲའི་ནང་མི་འཛུལ་བའི་སྔོན་འགོག་བྱེད་དགོས་པ་མ་ཟད། དོན་རྐྱེན་བྱུང་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་དུས་ཐོག་སྙན་སེང་ཞུ་དགོས།

    དོན་ཚན་ང་དགུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་རྒྱུའི་སྒྲིག་བཀོད་ལས་གཉེར་ཚན་པས་ཆུ་འཛུལ་ཆུ་སྤུས་དང་ཆུ་འབོར་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྐྱེན་གྱིས་ཐོན་ཆུ་སྤུས་ཚད་ལས་བརྒལ་བའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་བཀོད་ཉེན་མེད་འཁོར་སྐྱོད་བྱེད་པར་གནོད་པའི་ཐོལ་བྱུང་དོན་རྐྱེན་བྱུང་ཚེ། ངེས་པར་དུ་འཕྲལ་མར་འཕྲལ་སྡོམ་གཙང་གསིང་བྱ་ཐབས་སྤྱོད་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་གཙོ་འགན་སྡེ་ཚན་དང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་དྲུག་ཅུ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས། འཐུང་ཆུའི་ཆུ་རྩའི་སྲུང་ཁུལ་རིམ་པ་གཉིས་པའི་ནང་བཟོ་ལས་སྙིགས་རོ་དང་། ཉེན་ཆེའི་བེད་མེད་དངོས་པོ་གཅིག་སྡུད་གསོག་ཉར་དང་། བེད་སྤྱོད། གཙང་སེལ་བཅས་བྱེད་རྒྱུའི་སྒྲིག་བཀོད་དང་། གཙང་སེལ་བྱེད་ས། འཚོ་བའི་གད་སྙིགས་སྦས་ས་བཅས་འཛུགས་སྐྲུན་བྱེད་པའམ་ཡང་ན་འཐུང་ཆུའི་ཆུ་རྩའི་རྗེས་མཐུན་སྲུང་ཁུལ་ལ་སྙིགས་རོ་གཤོ་བ་དང་། སྤུངས་བ། གསོག་ཉར་བཅས་བྱེད་རིགས་ལ། སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་བཅུག་དགོས་པ་མ་ཟད། སྒོར་ཁྲི་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ། ལས་མཚམས་འཇོག་པའམ་སྒོ་རྒྱག་ཏུ་བཅུག་རྒྱུ།

    དོན་ཚན་རེ་གཅིག རིམ་ཁག་མི་དམངས་སྲིད་གཞུང་དང་། སྐྱེ་ཁམས་ཁོར་ཡུག་གི་གཙོ་འགན་སྡེ་ཚན་དང་དེའི་མངགས་གཏོང་ལས་ཁུངས། ཆུའི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་སྡེ་ཚན་བཅས་དང་དེ་དག་གི་ལས་བྱེད་པས་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ལས་ཀའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པར། ཐད་ཀའི་འགན་འཁུར་གྱི་གཙོ་འགན་མི་སྣ་དང་གཞན་བརྒྱུད་འགན་འཁུར་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་རེ་གཉིས། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས། སྲོལ་ཡིག་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ། གཏན་འབེབས་དེ་གཞིར་བཟུང་རྒྱུ་ཡིན།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་རེ་གསུམ། སྲོལ་ཡིག་འདི་2024ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།