ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་ཝུའེ་ཤིའུ་ཁྲང་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཝུན་ཝུའུ་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ། ཀྲུང་ཤིན་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་དུས་ཡུན་རིང་པོའི་ནང་ཀྲུང་ཤིན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། ཁ་གཏད་བོད་སྐྱོར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་གང་ལེགས་མངོན་པར་བྱས་ཡོད། རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཚར་ལོངས་བྱུང་བའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཡིན་པའི་ཀྲུང་ཤིན་ཚོགས་པར་སྟོབས་ཤུགས་ཆེན་པོ་ལྡན་ལ། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེན་པོའང་ཡོད། བོད་ལ་ཐོན་ཁུངས་ཕུན་སུམ་ཚོགས་ལ་ལེགས་ཆ་མངོན་གསལ་དོད་པས། ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་མདུན་ལམ་ཆེན་པོ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བར་མི་མངོན་པའི་ནུས་པ་ཤིན་ཏུ་ཆེན་པོ་ཡོད། སླད་ཕྱིན་ཀྲུང་ཤིན་ཚོགས་པས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། རང་ཉིད་ཀྱི་ཐོན་ཁུངས་དང་རྒྱལ་ཁབ་ཀྱིས་བོད་ལ་གནང་བའི་སྲིད་ཇུས་ལ་སྤྱི་འདོམས་བྱེད་པ། ཤེས་ལྡན་པ་དང་། མ་དངུལ། ལག་རྩལ། དོ་དམ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་རྩ་སྒྱུར་བཅོས་དང་། ཐོན་ལས་འཕེལ་རྒྱས། ཤེས་ལྡན་པའི་བོད་སྐྱོར། ཡོངས་སྤྱོད་མཁའ་འགྲུལ། ཆུ་ཚད་མཐོ་བའི་སྒོ་དབྱེ་སོགས་ཁྱབ་ཁོངས་སུ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ། ཀྲུང་དབྱང་དང་ས་གནས་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། བོད་ཀྱི་ཁེ་ལས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་རོགས་རམ་བྱེད་པ། ཐོན་ལས་འཁོར་སྦྲེལ་སྣུར་སྲིང་དང་འཕར་ཐང་འཕར་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ཡིད་ཆེས་དང་གདིང་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲང་ཝུན་ཝུའུ་ཡིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་ཤིན་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས་ཀྲུང་ཤིན་ཚོགས་པས་ཏང་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་དངུལ་རྩ་དང་ཁེ་ལས་གལ་ཆེ་མཉམ་འཛིན་གྱི་ཕྱོགས་བསྡུས་ལེགས་ཆ་གང་ལེགས་འདོན་པ་དང་། བོད་སྐྱོར་བྱེད་སྟངས་གསར་གཏོད་དང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཕྱོགས་གང་ཅིའི་ཐད་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།