ཀྲུང་གོ་ཚན་རིག་ཁང་རིག་ཚན་པུའུ་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་དང་བཞུགས་མོལ་གནང་བ།
ཏིང་ཀྲུང་ལི་དང་བློ་བཟང་རྒྱལ་མཚན་ཞུགས་པ་དང་། ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ། ཡན་ཅིན་ཧའེ་ཡིས་གནས་ཚུལ་ངོ་སྤྲོད་གནང་བ།
ཚེས་8ནས་ཚེས་10ཉིན་བར། ཀྲུང་གོ་ཚན་རིག་ཁང་རིག་ཚན་པུའུ་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཚེས་9ཉིན་གྱི་ཕྱི་དྲོར། བརྟག་ཞིབ་ཚོགས་ཆུང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན་པའི་ཏིང་ཀྲུང་ལི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བ་རེད།
ཏིང་ཀྲུང་ལིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། ཁོང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་དམིགས་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བ། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཤུགས་ཆེན་བཅས་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པ་དང་། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་སྐྱེ་ཁམས་ཤེས་དཔལ་འདི་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། རང་བྱུང་ཁོར་ཡུག་གི་ས་ཁུལ་རང་བཞིན་གྱི་ཁྱབ་ཚུལ་ཆོས་ཉིད་དང་སྐྱེ་ཁམས་མ་ལག་གི་རིམ་བརྗེའི་ཆོས་ཉིད་སོགས་ལ་བརྩི་འཇོག་གིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ། ལྗོན་ཤིང་འཚམ་སར་ལྗོན་ཤིང་འཛུགས་པ་དང་། ཆུ་འདྲེན་འཚམ་སར་ཆུ་འདྲེན་པ། རྩྭ་འདེབས་འཚམ་སར་རྩྭ་འདེབས་པ་བཅས་བྱས་ནས་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པ་སྤེལ་དགོས། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ཁྲོད་ཀྱི་ནུས་ལྡན་གྱི་བྱེད་སྟངས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས། ལམ་ལུགས་རྣམ་པ་ནས་དུས་ཐོག་ཏུ་གཏན་འཁེལ་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ། མགོ་ཡོད་མཇུག་ཡོད་དང་ལས་དོན་སྒྲུབ་མཁས་པ་བཅས་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཕན་འབྲས་གསར་པར་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལེའུ་གསར་པ་བརྩམས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཏིང་ཀྲུང་ལི་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཚང་མ་སྐྱེ་ཁམས་ལ་གནས་པར་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ཡག་པོ་སྒྲུབ་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། ཆོས་ཉིད་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བཅས་བྱས་ཏེ་ལྗོན་ཤིང་འཚམ་སར་ལྗོན་ཤིང་འཛུགས་པ་དང་། ཆུ་འདྲེན་འཚམ་སར་ཆུ་འདྲེན་པ། རྩྭ་འདེབས་འཚམ་སར་རྩྭ་འདེབས་པ་བཅས་བྱས་ནས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་རི་རྒོད་སྐྱ་ཐེར་དེ་རི་སྔོན་ཆུ་དྭངས་སུ་འགྱུར་བར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་སྐྲུན་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་བཙུགས་ནས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་སྒྲུབ་པ་དང་། རིམ་ཁག་ལས་བྱེད་པས་བྱས་རྗེས་འཇོག་དགོས་པ་དང་འཕྲལ་མར་འགྲུབ་རེ་བྱེད་མི་རུང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་དང་སྤྱི་ཚོགས་ཡོངས་དང་མི་ཚང་མ་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས་ལྗོན་ཤིང་མང་ཙམ་འཛུགས་པ་དང་། ལྗོན་ཤིང་ཡག་པོ་འཛུགས་པ། ལྗོན་ཤིང་ལ་གཡོག་བྱེད་ཡག་པོ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ་དང་། སྒྲུབ་ཞོར་དུ་ཕྱོགས་སྡོམ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཇི་ལྟར་འཛུགས་པ་དང་། ཇི་ལྟར་གསོ་བ། ཇི་ལྟར་སྒྲུབ་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས་དཀའ་གནད་ཧུར་ཐག་སེལ་དགོས་པ་དང་། བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་དང་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལྷོ་རི་བྱང་རི་སྔོ་འགྱུར་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འདེགས་སྐྱོར་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་དགོས།
ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའུ་བཅས་ཀྱི་ལས་དོན་སྙན་སེང་ཉན་པ་དང་ཚོགས་ཞུགས་མི་སྣས་ཚན་རིག་དང་མཐུན་པའི་ངང་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་སྤེལ་རེས་བྱས་པ་རེད།
བོད་དུ་བཞུགས་རིང་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་དོན་གྲུབ་དངུལ་རྩའི་གྲོང་གི་ཡུག་ཁུལ་དང་། ལྷོ་རིའི་སྤྱི་གླིང་། བྲག་རི་རི་ཁྲོད་ཡུག་ཁུལ། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ཕེབས་ཏེ་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་ཚུལ་དང་དེ་བཞིན་ཐོན་པའི་ཕན་འབྲས་ལ་རྟོག་ཞིབ་གནང་བ་རེད།