རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་8ཉིན། རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བརྙན་ལམ་ཐོག་ནས་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཚོགས་འདུའི་ཐོག འདི་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་ལ་སྐུལ་འདེད་བྱས་ཚུལ་གྱི་སྙན་སེང་ཉན་པ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཡུན་ཀུའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་དང་། ས་ཁུལ་དང་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་གསུངས་དོན། སྲིད་གཞུང་ཁོངས་གཏོཊ་ཀྱི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་དགོས། ཞིབ་འཇུག་གཏིང་ཟབ་དང་ནན་ཏན་བྱས་ནས་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་ད་ཡོད་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་དང་འདང་ངེས་བྱེད་པ་དང་། འཐུས་མི་དང་ཨུ་ཡོན་གྱིས་སེམས་ཁུར་དང་རེ་འབོད་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་མདུན་སྐྱོད་བྱེད་རིང་འཕྲད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྒྲུབ་གཉེར་ལམ་སྲོལ་དང་བྱེད་ཐབས་གསར་གཏོད་བཅས་བྱེད་པ་དང་དུས་མཚུངས་རིགས་སྣ་དབྱེ་འབྱེད་ཀྱིས་སྒྲུབ་གཉེར་ལས་དོན་ལེགས་པར་བསྒྲུབས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱེད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། སྒྲུབ་གཉེར་གྱི་འགན་འཁྲི་ནན་དུ་གཏོང་བ། རྗེས་སྙེག་གི་ཕན་འབྲས་རྩད་ཤུགས་ཆེ་རུ་གཏོང་བ། སྒྲུབ་གཉེར་བྱས་འབྲས་ཁྲིམས་བཞིན་ཡོངས་བསྒྲགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།