དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

    ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་དང་སྦྲགས། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། དེ་བཞིན་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་འབྲས་བུ་འདོགས་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་ཀྱིས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལ་སྤྱི་འདོམས་དང་། བཀོད་གཏོང་། དབྱེ་ཞིབ། ལྟ་ཞིབ་ཚད་ལེན་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གེགས་འགོག་གེགས་སེལ་དང་། གནོད་འཚེ་ཉུང་གཏོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་མཐའ་གཅིག་ཏུ་ལེགས་པར་བསྒྲུབས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། བེད་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་གྲངས་གཞིའི་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དམངས་ཁྲོད་སྒྱུ་རྩལ་སོགས་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་མ་ལག་ཅིག་གཏོད་དགོས། དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ་ཚོང་དུད་ལ་སྣང་ཆེན་དང་། བདེ་འཁོད། བྱམས་སྐྱོང་། དྲོ་སྐྱིད་སྦྱིན་པ། སྲུང་སྐྱོང་བཅས་བྱེད་པའི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས་ཁེ་ལས་དེ་བས་མང་བ་བོད་དུ་མ་རྩ་འཇོག་པ་དང་བོད་དུ་རྩ་བ་ཚུགས་པར་ཡོང་རྒྱུའི་ཡིད་དབང་འགུག་དགོས། རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་སྤྱོད་ཚུལ་ལེགས་སུ་རྒྱུན་མཐུད་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དག་ཐེར་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་གཞི་རིམ་གྱི་ལས་བྱེད་པའི་འགན་འཁུར་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ལ་མཐུན་རྐྱེན་སྐྲུན་དགོས། དཔེ་མཚོན་གྱི་ལམ་ཁྲིད་དཔེ་སྟོན་དང་སྣེ་ཁྲིད་ལ་དམ་འཛིན་ཡག་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། གཟི་བརྗིད་ཀྱི་བསམ་པ་འཛུགས་པ། རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། དབང་ཆ་དང་འགན་འཁྲིའི་གསལ་ཐོ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་གྱི་ལས་དོན་གསལ་ཐོ་ཅན་དང་། ལམ་སྲོལ་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་བཏང་སྟེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གཅིག་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མིག་དཔེའི་ནུས་པ་གང་ལེགས་བཏོན་ནས་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་དང་། སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། སྣེ་ཁྲིད་དེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། སྣེ་ཁྲིད་དེ་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྔར་བས་དངོས་སྒྲུབ་གོ་ཆོད་པའི་བྱེད་ཐབས་ལ་བརྟེན་ནས། ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ནས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། དམིགས་ཡུལ་གྱི་འདུ་ཤེས། སྒྲིག་ཁྲིམས་སྒྲིག་ལམ་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་དམག་ཞབས་ཐིམ་པའི་དམག་མིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས། ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་ཞབས་ཞུའི་ལྟེ་གནས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྩིས་སྤྲོད་བཀོད་སྒྲིག་དང་། ལས་ཞུགས་ལས་གཏོད། སྔོན་གཤེགས་དཔའ་བོར་སྲུང་སྐྱོང་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། གུས་བཀུར་དང་བརྩི་འཇོག་གི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་གཉིས་བཀུར་ལས་དོན་ལ་མཐོང་ཆེན་པོ་དང་། གཉིས་བཀུར་གྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། དམག་ཞབས་ཐིམ་པའི་དམག་མིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཁོང་ཚོར་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། གཟི་བརྗིད་མཚན་སྙན་གྱི་སྐུལ་ལྕག་གཏོང་ཤུགས་ཆེ་རུ་གཏོང་བ། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་དམག་ཞབས་ཐིམ་པའི་དམག་མིར་གཅེས་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ་8པའི་ཟླ་དཀྱིལ་དུ་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།