བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོག་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་ལས་དོན་སྐོར་གྱི་སྲོལ་ཡིག》ལག་བསྟར་གྱི་ཉམས་མྱོང་དང་། བྱེད་ཐབས། འཕེལ་རིམ། གྲུབ་འབྲས་བཅས་དང་། དེ་བཞིན་གནས་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་གནང་ནས། བསམ་འཆར་དང་གྲོས་འགོ་གསན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་8ཀྱིས་རང་ངོས་ཀྱི་འགན་འཁྲི་སྒྲུབ་ཚུལ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་ལྷུག་པོར་གླེང་བ་མ་ཟད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱེད་པ་དེ་འཐུས་མིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཚང་མ་ནས་མཚོན་པར་བྱེད་པ་དང་། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་ཕན་ནུས་གང་ལེགས་འདོན་པ། ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་། ལས་ཀའི་ལམ་སྲོལ་ལེགས་སྒྱུར། ལས་ཀའི་བྱེད་ཐབས་གསར་གཏོད་བཅས་བྱས་ནས་དམངས་འཚོའི་དོ་ཁུར་ལ་ལན་ཧུར་ཐག་སློག་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། འཐུས་མིའི་གྲོས་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞི་གལ་ཆེན་དང་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། རང་འགུལ་ངང་སློབ་སྦྱོང་ལ་འབད་བརྩོན་དང་འགན་འཁྲི་ཧུར་ཐག་བསྒྲུབས་ཐོག་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ལམ་ལུགས་དང་བཅའ་ཁྲིམས་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་དང་གྲོས་འགོ་བསམ་བློ་གཏོང་རྒྱུར་མཐོང་ཆེན་བྱས་ནས་གྲོས་འགོ་འདོན་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྗེས་སྙེག་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིའི་གྲོས་འགོར་ལན་འདེབས་དང་། ཁས་ལེན། ཐག་གཅོད་བཅས་བྱེད་པའི་དོན་ཚན་གྱི་རྩིས་ཐོ་ཡག་པོ་བཟོ་བ་དང་བེད་སྤྱོད་ཡག་པོ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་ཡག་པོ་འདོན་པ། འཐུས་མིའི་བསམ་འཆར་གཅིག་སྡུད་ཆེ་ཤོས་དང་མངོན་གསལ་དོད་ཤོས་ཀྱི་གནད་དོན་གསེད་བཀྲོལ་ཡག་པོ་བཅས་བྱས་ཏེ་གཅིག་སྡུད་ཐོག་ཞིབ་འཇུག་ཐག་གཅོད་བྱས་ནས་གྲོས་འགོ་སྒྲུབ་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒྲུབ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་ཐོག་ཏུ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་འགན་འཁྲི་ནན་དུ་བཏང་ནས་འཐུས་མིའི་གྲོས་འགོ་བསྒྲུབ་རྒྱུ་དེ་གཙོ་གནད་ལས་དོན་དུ་བརྩིས་ཏེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། དོན་ཚན་རེ་རེ་བཞིན་ལ་དམ་འཛིན་ཞིབ་ཚགས་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ནས་གྲོས་འགོ་ལེགས་སྒྲུབ་བྱེད་ཚད་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་དགོས།