ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཟླ་7ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གི་འབྲེལ་ཡོད་ཚན་པར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་7ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། ཝང་ཅུན་ཀྲེང་གིས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ལས་དོན་སྙན་སེང་གསན་རྗེས་གསུང་བཤད་གནང་བཞིན་པ།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཏན་ཏིག་དང་ཡག་པོ་བསྒྲུབས་ནས་འཕྲལ་སྡོམ་དོ་དམ་མ་ལག་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རེན་ཝེ་དང་། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། ཞུས་ཁྲེང་ཚང། ཀྲང་ཧུང་པོ། ཚེ་རིང་ཕུན་ཚོགས་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དུ། ཝང་ཅུན་ཀྲེང་གིས་ཕྱོགས་བསྡུས་གནོད་འཚེ་ཉུང་གཏོང་དང་གུད་སྐྱོབ་དང་དངོས་ཟོག་འགན་སྲུང་དང་། འབྲུབ་འགོག་ཐན་འགོག བདེ་འཇགས་ཐོན་སྐྱེད་ཕྱོགས་བསྡུས་མཐུན་སྦྱོར་སོགས་ཀྱི་ཁྲུའུ་དང་ཁང་དུ་ཕེབས་ཏེ་གེགས་འགོག་གེགས་སེལ་དང་། དངོས་ཟོག་གྲབས་གསོག འབྲུབ་འགོག་ཐན་འགོག་གི་ཉེན་ཁའི་ལྟ་ཞིབ་ཚད་ལེན། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལྟ་འདོམས་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འཕྲལ་སྡོམ་བཀོད་གཏོང་ལྟེ་གནས་སུ་ཕེབས་ཏེ། འབྲུབ་འགོག་གེགས་སེལ་དང་འཕྲལ་སྡོམ་དང་ལེན་གྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།
འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ལས་དོན་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། འཕྲལ་སྡོམ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕན་ནུས་མངོན་གསལ་དོད་པོས་མཐོ་རུ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་བཅས་བཏང་སྟེ། ལྗོངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། དེ་བཞིན་གུད་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ལེགས་འཕེལ་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད།
ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ལྷག་པར་དུ“དོན་ཆེན་བཞི”དོན་འཁྱོལ་ལ་དམིགས་ཏེ་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་བཅངས་ཏེ་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་གྱིས་རྒྱུན་དུ་ནས་དམ་འཛིན་ལྷོད་མེད་བྱེད་དགོས་པ། “མངོན་མེད་རྐྱེན་ངན་ནི་ལས་འཛོལ་དང་ཁྱད་མེད་པར་འཛིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བཅས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲུབ་འགོག་ཐན་འགོག་དང་། ཉེན་སེལ་གུད་སྐྱོབ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་སྒྲུབ་དགོས་པ། ལས་འགན་ཁ་གསལ་བཟོས་ནས་འགན་འཁྲི་ནན་དུ་གཏོང་དགོས་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཅན་གྱི་ལྟ་ཞིབ་ཚད་ལེན་ལས་སྟེགས་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་བ་དང་། གནོད་འཚེ་ཐོན་སྐབས་སྔོན་བརྡ་དང་ཉེན་བརྡ་གཏོང་བ་དང་དེ་བཞིན་འཕྲལ་སྡོམ་དང་ལེན་མཉམ་དུ་ལག་ལེན་བསྟར་བར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་སྔོན་བརྡ་གནད་ལ་འཁེལ་ཚད་ཆེ་རུ་གཏོང་དགོས་པ། ལས་དོན་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞུང་ལམ་འགྲིམ་འགྲུལ་དང་ཟམ་པ་ཕུག་ལམ་སོགས་གནད་འགག་ཆེ་སའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྔོན་འགོག་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས་པ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་དངོས་ཟོག་བདག་སྐྱོང་བྱེད་ཤུཊ་ཆེ་རུ་བཏང་སྟེ་རོཊ་སྐྱོབ་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། གཞོགས་འདེགས་དམ་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། རིམ་ཁག་སྡེ་ཚན་ཁག་གིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ཤུགས་ཆགས་པར་བྱེད་དགོས་པ། ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རེས་སྡོད་བྱའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་སྤུས་ཕན་གཉིས་ཀར་འགན་ལེན་བྱེད་དགོས་པ། འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཇོན་ཐང་ཆེ་རུ་གཏོང་དགོས་པ། མ་དངུལ་དང་། དངོས་ཟོག ལག་རྩལ། མི་སྣ་སོགས་འགན་སྲུང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ་འབྲུབ་འགོག་གུད་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཁྱབ་རྒྱ་དང་། ཟབ་ཚད། གནད་ལ་འཕིགས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་འཕྲལ་སྡོམ་ལས་དོན་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་གི་འགོ་ཁྲིད་འོག་གི་གཞི་གཅིག་ཅན་དང་དངོས་འཐབ་ཅན་གྱི་བཀོད་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞིའི་ཆ་འཕྲིན་མཉམ་སྤྱོད་དང་། ཕྱོགས་བསྡུས་གྲོས་མོལ་ཞིབ་འཇུག་བརྡར་གཅོད། འཕྲལ་སྡོམ་མཐུན་སྦྱོར་མཉམ་འགུལ། ས་གནས་ས་ཐོག་ཏུ་བཀོད་འདོམས་མཐུན་སྦྱོར་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གོང་འོག་སྦྲེལ་མཐུད་དང་གཞི་གཅིག་གིས་ཁ་གཏད་འཇལ་བའི་འཕྲལ་སྡོམ་བཀོད་འདོམས་མ་ལག་ཅིག་ཆགས་པར་བྱེད་དགོས། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་དང་སྟོབས་ཤུགས་བརྟན་དུ་བཏང་ནས“སྣ་གཅིག་མཁས་ཤིང་སྣ་མང་འཇོན་པ་དང་། དཔུང་ཁག་གཅིག་ག་བཏང་གོ་ཆོད་པའི”གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཞི་རིམ་དུ་བདེ་འཇགས་དྲིལ་བསྒྲགས་དང་འཕྲལ་སྡོམ་གྱི་ཚན་རིག་ཁྱབ་གདལ་ཞབས་ཞུ་སྤེལ་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལས་རིགས་ཁག་གི་ཁྱབ་ཁོངས་སུ་གནས་པའི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གཏན་འཁེལ་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་བ་སྔོན་འགོག་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་མཁས་པོ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཟུང་སྟེ་ཆེད་ལས་ཀྱི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་འབྱོར་མེད་གྲལ་རིམ་གྱི་འཛམ་གླིང་ལྟ་བ་ལྡན་ལ་ཆེད་ལས་ཤེས་བྱ་དང་ལག་རྩལ་ཁོང་དུ་ཆུད་པར་འབད་བརྩོན་གྱིས་རང་འཁྲིའི་ལས་ཀ་བྱང་མ་དང་འཇོན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་ཁོར་ཡུག་བཅས་ཡུན་རིང་རྒྱུན་འཁྱོངས་དང་། རྒྱུན་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་བྱེད་པའི་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་འཛིང་གི་འཇོན་ཐང་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། དངོས་སྒྲུབ་དང་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།