ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་29ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་། འགྲོ་ལམ་སྐྱེལ་འདྲེན་དང་། འདམ་ར་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་གཏོང་བྱ་སྤྱོད། འབྲུ་རིགས་ཐོན་ནུས་ཆེར་གཏོང་བྱ་སྤྱོད། ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བཅས་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། གསར་དུ་བཟོ་བཅོས་བརྒྱབ་པའི《གསང་སྲུང་བཅའ་ཁྲིམས》དེ་ཁྲིམས་སྐྱོང་ལམ་བུའི་ཐོག་གསང་སྲུང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། གསང་སྲུང་ནི་ཆབ་སྲིད་དང་། སྤྱི་ཡོངས། བརྟན་ལྷིང་། འཕེལ་རྒྱས།
བདེ་འཇགས་བཅས་སྲུང་བ་ཞིག་ཡིན་པ་མཐའ་འཁྱོངས་ཀྱིས《གསང་སྲུང་བཅའ་ཁྲིམས》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ལ་དམ་འཛིན་བྱས་ནས་རྒྱུན་དུ་གསང་སྲུང་དྲིལ་བསྒྲགས་དང་། རྒྱུན་དུ་གསང་སྲུང་གི་ཉེན་བརྡ་གཏོང་བ། རྒྱུན་དུ་གསང་སྲུང་ཐད་རིག་པ་ལྕགས་སྐུད་བཞིན་སྒྲིམ་པར་དམ་འཛིན་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཞུང་ལམ་སྐྱེལ་འདྲེན་དེ་བོད་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་རེད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་བློས་འགེལ་ཆོག་པའི་འདེགས་སྐྱོར་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཆད་གཞུང་ལམ་ཤར་གཏོང་དང་། ཤར་བགྲོད་རང་བཞིན་ཆེ་རུ་གཏོང་བ། སྐྱིད་སྣང་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། མང་ཚོགས་འགྲོ་འོང་སྤེལ་རེས་ཀྱི་སྒོ་མོ་ཕྱེ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། མི་དང་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་འཁོར་རིགས་སྣ་ཚོགས་ཤར་གཏོང་ཐུབ་པར་ཁྲིམས་ལྟར་འགན་ལེན་ཡག་པོ་བྱས་ཏེ། མི་རྣམས་འགྲོ་སྐྱོད་སྟབས་བདེ་དང་དངོས་ཟོག་འཁོར་རྒྱུག་བདེ་བླག་དངོས་འབྲེལ་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། སྲུང་སྐྱོང་ལ་མཐོང་ཆེན་དང་། ལམ་སྲོལ་འཛུགས་པ། སྤྱི་འདོམས་མཁས་པ། འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྦྱོར་ལ་ཤུགས་སྣོན། མཉམ་དུ་ལྟ་འདོམས་བཅས་བྱས་ནས་འདམ་ར་སྲུང་སྐྱོང་དང་ཉམས་གསོ་སྐུལ་འདེད་རྒྱུན་མཐུད་གཏོང་བ་དང་། ཁྲིམས་མཐུན་ལུགས་མཐུན་དང་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། ཞིབ་སློབ་ཡུལ་སྐོར་སོགས་ཀྱི་ལས་རྣམ་འཕེལ་རྒྱས་གཏོང་བ། དམངས་ཕྱུག་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། འདམ་རའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གང་ལེགས་འདོན་དགོས།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་བོད་ལྗོངས་ནི་སྔར་བཞིན་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། གོམ་སྟབས་རྗེས་མར་དུས་བབ་ལ་ངོས་འཛིན་གསལ་པོ་དང་། ཚུགས་གནས་མཐོ་རུ་གཏོང་བ། འབེན་གཏད་ཤུགས་འདོན། གནད་སྨིན་ཇུས་འདོན། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ཤུགས་སྒྲིལ་འགག་སྒྲོལ་བཅས་བྱས་ཏེ། ད་ཡོད་ཀྱི་གྲུབ་འབྲས་བརྟན་དུ་མུ་མཐུད་གཏོང་བ་དང་གནམ་སྔོན་སྲུང་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི་ཆེད་དོན་བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་གཞིགས་ནས་ཡིད་རྟོན་སློབ་གསོ་དང་། ཡིད་རྟོན་མེད་རིགས་བཅོས་སྒྲིག ལམ་སྲོལ་འཛུགས་སྐྱོང་བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཞུང་གི་ལས་ཞབས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། སྲིད་གཞུང་གི་དམངས་ལ་ཕན་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་གྱི་མཐའ་མའི་འགག་གནད་སེལ་བ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།
ད་དུང་ཚོགས་འདུའི་ཐོག་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།