ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རྩིས་བཤེར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་རྩིས་བཤེར་སྙན་ཞུར་གྲོས་ཞིབ་གནང་བ། རྩིས་བཤེར་དག་ཐེར་ལས་དོན་གྱི་སྙན་སེང་གསན་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཀུང་ཧུའེ་ཚའེ། ལིའུ་པོ་ཁྲེང་། ལང་ཧྥུའུ་ཁོན། ཧྲེན་ཆོན་ཧྥུའུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་རྩིས་བཤེར་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་ཏན་ཏིག་གཏོང་བ། རྩིས་བཤེར་གྱི་འགན་ནུས་སྔར་བས་འདོན་སྤེལ་བྱེད་པ། རྩིས་བཤེར་ལས་དོན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དེའི་ནང་འདུས་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གོང་འཕེལ་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།
ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ། བརྟན་ལྷིང་སྲུང་སྐྱོང་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་གནས་ཚུལ་དང་འབྲེལ་བ་ཡོད་པའི་རྩིས་བཤེར་ལ་ཤུགས་སྣོན་རྒྱག་པ། གཞུང་རྒྱུ་དང་། གཞུང་ཁོངས་ཁེ་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་མ་དངུལ་དང་། རྣམ་གྲངས། སྲིད་ཇུས་བཅས་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་དང་། རྒན་གསོ། སྨན་བཅོས། སློབ་གསོ་སོགས་དམངས་འཚོའི་རྩིས་བཤེར་རྒྱུན་མཐུད་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལྟ་སྐུལ་དང་ཞབས་འདེགས་ནུས་ལྡན་ཞུ་དགོས།
དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་ཟང་ཟིང་བཅོས་སྒྲིག་ཐད་ཀྱི་རྩིས་བཤེར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་གང་ལེགས་བཏོན་ཏེ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་དང་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར་གྱི་དམ་འཛིན་བྱེད་སར་བརྩིས་ནས། དབང་ཆ་གཅིག་སྡུད་དང་། མ་དངུལ་མཉམ་འདུས། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རྩིས་བཤེར་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་གྱི་གནད་དོན་དང་དཔལ་འབྱོར་གྱི་འགན་འཁྲིར་ཞིབ་བཤེར་བརྒྱུད་ཆབ་སྲིད་ཀྱི་གནད་དོན་དང་ཆབ་སྲིད་ཀྱི་འགན་འཁྲི་མངོན་པར་བྱས་ཏེ། ཞིབ་བཤེར་བྱེད་དགོས་རིགས་ཚང་མར་ཞིབ་བཤེར་དང་། ཞིབ་བཤེར་བྱས་ཕྱིན་ངེས་པར་དུ་ནན་པོ་བྱེད་པ། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱེད་དགོས།
ཕན་འབྲས་དངོས་ལ་ལྟ་སྐུལ་བྱེད་པར་དོ་སྣང་བྱས་ནས་རྩིས་བཤེར་ལ་དམ་འཛིན་བྱེད་དགོས། འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩིས་བཤེར་དག་ཐེར་ཡོ་བསྲང་གི་སྣ་འདུས་ཐབས་བཟང་ཡག་པོ་སྤྱོད་པ། རྩིས་བཤེར་དག་ཐེར་ཡོ་བསྲང་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དག་ཐེར་ཡོ་བསྲང་གི་གནས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་ཡོ་བསྲང་ལ“ཕྱིར་མིག་ལྟ་བ”བཅས་བྱས་ཏེ། རྩིས་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བ་དང་། ཐག་གཅོད་གནད་ལ་འཁེལ་བ། འགན་འཁྲི་རྩད་གཅོད་གནད་ལ་འཁེལ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། རྩིས་བཤེར་གྲུབ་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩིས་བཤེར་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྩིས་བཤེར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྩིས་བཤེར་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་ཐུབ་པར་བྱས་ནས་རྩིས་བཤེར་ལྟ་སྐུལ་གྱི་དམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བར་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆབ་སྲིད་ཀྱི་འགན་འཁྲི་ཁུར་དགོས་པ་དང་། འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་དང་དོ་དམ་བྱེད་པ། རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་གྱི་མགོ་ནས་མཇུག་བར་ཞིབ་འཇུག་ཅན་གྱི་རྩིས་བཤེར་ཁྱབ་པར་བྱེད་པ། འདུ་ཤེས་དང་། ཤེས་བྱ། ཐབས་ཤེས། རྩལ་ནུས་བཅས་རྒྱུན་ཆད་མེད་པར་གསར་བརྗེས་བྱེད་པ། རྩིས་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་དོན་གྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལག་ལེན་ནང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།