རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་25ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་སྐྱིད་ཆུའི་ཆུ་གཞུང་ཨ་མའི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རེན་ཝེ་དང་། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་ཚེ་རིང་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། མ་ལག་བཅོས་སྐྱོང་བྱས་ཏེ་ཆུ་ལམ་བཅོས་སྐྱོང་གི་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྟངས་འཛིན་ཡག་པོ་བྱས་ནས་སྟོད་སྨད་རྒྱུད་དང་། ངོགས་གཡས་གཡོན།
ཆུ་གཞུང་ཨ་མ་དང་ཆུ་ཕྲན་བཅས་ལ་སྤྱི་འདོམས་བྱེད་པ་དང་། འབྲུབ་འགོག་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་སྔོན་འགྲོར་བྱས་ནས་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་སོགས་ཕྱོགས་བསྡུས་བཅོས་སྐྱོང་གི་དགོས་མཁོར་ལྟ་རྟོག་བྱེད་པ། འཆར་འགོད་ཀྱི་གཞི་འཛིན་ས་དང་འཛུགས་སྐྲུན་གྱི་གོ་རིམ་དང་མཐུན་པ་དང་གལ་ཆེ་ཆུང་དང་འཕྲལ་མཁོ་ཆེ་ཆུང་གཞིར་བཟུང་ནས་དགོས་ངེས་རང་བཞིན་དང་བྱེད་འཐུས་རང་བཞིན་ལ་ལྟ་རྟོག་བྱེད་པ། ཚན་རིག་དང་མཐུན་པའི་ངང་རྣམ་གྲངས་ལག་བསྟར་གྱི་རིམ་པ་དང་གོ་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ནས། བྱེ་བཅོས་དང་། སྔོ་ལྗང་ནུས་སྐྱེད། ས་ཞིང་རྒྱ་སྐྱེད། ཐོན་སྐྱེད་དར་རྒྱས། དམངས་ལ་ཕན་པ་སོགས་ཀྱི་དམིགས་ཚད་མང་པོ་མངོན་འགྱུར་བྱས་ནས་ཆུ་ངོགས་མཉམ་བཅོས་དང་ཆུ་ངོགས་མཛེས་པའི་རྣམ་པར་སྐུལ་འདེད་གཏོང་དགོས། བཅོས་སྐྱོང་གནད་སྨིན་དང་། རྨང་གཞིའི་དཔྱད་གཞི་ཕྱོགས་ཡོངས་ནས་འཚོལ་བསྡུ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་། འབབ་རྒྱུད་ཀྱི་ཆུའི་གནས་ཚུལ་འགྱུར་ལྡོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་དང་ཟུང་འབྲེལ་བྱས་ཁར། ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་ཀྱིས་གནད་དོན་དང་ཞན་ཆ་གནད་སྨིན་འཚོལ་བ་དང་། བཅོས་སྐྱོང་ཁ་ཕྱོགས་གནད་སྨིན་འཚོལ་བ་དང་ལྷག་པར་དུ་ཆུ་དང་བྱེ་མའི་འབྲེལ་བ་སྙོམས་སྒྲིག་ལ་དམ་པོར་དམིགས་ནས། ཆུ་དང་བྱེ་མའི་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཆུ་ལམ་དང་གྲམ་ཐང་གི་ཕྱོགས་བསྡུས་མཐོར་འདེགས་བཅོས་སྐྱོང་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་ནས་ཆུ་འགྲམ་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། སྐྱེ་ཁམས་བཅོས་སྐྱོང་བྱེད་པར་ཆུའི་ཐོན་ཁུངས་དེ་བཙན་ཐབས་འཆུན་འདོམས་སུ་བྱས་ཏེ་ཆུ་ལ་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་ལ་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་ལ་བསྟུན་ནས་ཐོན་ལས་གཏན་འཁེལ་བཅས་བྱས་ཐོག་ཆུ་རྒྱུད་མ་ལག་བཅོས་སྐྱོང་མཐོར་གཏོང་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་གཏོང་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཆུ་རགས་་སྲ་བརྟན་དང་། ངོགས་སྲུང་ལྡེབས་སྐྱོར། ཚོད་འཛིན་དང་ཁྲིད་སྟོན་གྱི་ལས་གྲྭ འདམ་བཤངས་ཆུ་གཤོང་། འགྱིག་བལ་བྱེད་ནུས། ཆུ་ཞེན་བར་མཐོངས་སོགས་ལ་སྤྱི་འདོམས་ཡག་པོ་བྱས་ནས“ཆུ་བོ་དང་། གྲམ་ཐང་། ཆུ་རགས། ལམ། གྲོང་ཁྱེར”བཅས་ཕྱོགས་ལྔ་གཞི་གཅིག་གི་ཆུ་རྒྱུད་མཛེས་ལྗོངས་ཁུལ་དང་། སྐྱེ་ཁམས་མ་ལག སྤྲོ་གསེང་ཁུལ་བཅས་གཏོད་དགོས། རིག་ལྡན་བཅོས་སྐྱོང་བྱེད་པར“གྲངས་འཛིན་ནུས་སྐྱེད་དང་ནུས་པ་ཆེར་གཏོང”གི་བླང་བྱ་གཞིར་བཟུང་སྐྱིད་ཆུའི་འབབ་རྒྱུད་ཀྱི་བཅོས་སྐྱོང་ཆ་འཕྲིན་ཕྱོགས་བསྡུས་དོ་དམ་གྱི་ལས་སྟེགས་བཙུགས་ནས་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱས་ཏེ་ཆུ་ཡུར་ཕྱོགས་བསྡུས་བཅོས་སྐྱོང་གི་གྲངས་འཛིན་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།