ཁྲེན་ཡུང་ཆིས་ལྗོངས་ཡོངས་ཀྱི་དུས་ཚིགས་གསུམ་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་སྒྲིག་དང་སྐུལ་འདེད་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྗོངས་ཡོངས་ཀྱི་དུས་ཚིགས་གསུམ་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་སྒྲིག་དང་སྐུལ་འདེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ལོ་སྟོད་ཀྱི་གཙོ་གནད་རྣམ་གྲངས་ལེགས་སྒྲུབ་གནས་ཚུལ་དང་དུས་ཚིགས་གསུམ་པའི་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི་བརྡ་ཁྱབ་བཏང་བ་དང་། དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ཀརྨ་ཚེ་བརྟན། ལང་ཧྥུ་ཁོན། ཝུའེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། རྣམ་གྲངས་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “རྟག་ཏུ་བློ་བཟོད་མི་བདེ་བ་དང་། དོན་དག་རེ་རེ་བཞིན་ལ་གདེང་ཚོད་ཡོད་པ། འགན་འཁྲི་རེ་རེ་བཞིན་ཕྲག་ཏུ་འཁུར་བའི”ལས་འགན་སྒྲུབ་སེམས་དང་། དགོས་གཏུགས་ཀྱི་བསམ་པ། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་ཨར་ལས་རྣམ་གྲངས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་རང་འགུལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མྱུར་ཚད་ལ་དམ་འཛིན་བྱས་ནས་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་དུས་ཚིགས་གསུམ་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞིར་དམིགས་ཏེ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་དང་། བཀོད་གཏོང་ལ་ཤུགས་སྣོན་དང་སྔོན་ཚུད་ནས་ཞབས་འདེགས་ཞུ་བ། དུས་འགོའི་རྣམ་གྲངས་ཀྱི་ལས་འགོ་འཛུགས་པར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་མྱུར་ཚད་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱི་མ་དངུལ་ལ་དམ་འཛིན། མ་དངུལ་རྣམ་གྲངས་ཀྱི་ཕན་འབྲས་ལ་དམ་འཛིན་བཅས་བྱས་ནས། ཁག་གཅིག་ཇུས་འགོད་དང་། ཁག་གཅིག་གསོག་འཇོག ཁག་གཅིག་ལས་འགོ་འཛུགས་པ། ཁག་གཅིག་འཛུགས་སྐྲུན། ཁག་གཅིག་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་སྤུས་ཚད་མཐོ་བའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། མ་དངུལ་དང་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་དང་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་བུན་ལོར་དང་། “གཙོ་གལ་གཉིས” “གསར་གཉིས” ནུས་རྒྱུ་མཁོ་སྤྲོད་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་དམིགས་ནས། ས་ཞིང་སྤྱོད་པ་དང་། ཆུ་སྤྱོད་པ། གློག་སྤྱོད་པ། ནུས་རྒྱུ་སྤྱོད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་རྣམ་གྲངས་ལ་མཉམ་འབྲེལ་མཆན་འགོད་དང“ཐོགས་མེད་འགན་ལེན་བགྲོད་ལམ”སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཐོན་སྐྱེད་བདེ་འཇགས་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག “རྣམ་གྲངས་གཅིག་དང་། འགོ་ཁྲིད་གཅིག ཚན་ཁག་གཅིག འགན་མཐའ་གཅིག་ཏུ་འཁུར་བའི”སྐུལ་འདེད་གཏོང་སྟངས་ལག་བསྟར་གྱིས་ངར་ཤུགས་དང་ནུས་ཤུགས་གང་ཡོད་བཏོན་ནས་ལས་འབོར་དངོས་དེ་བས་མང་པོ་ཡོང་བའི་བརྩོན་ལེན་བྱེད་དགོས། འབྲས་བུ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། “འགོ་ཁྲིད་གཙོ་བོའི་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་ནན་པོ། ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། གྲུབ་འབྲས་དང་ཕན་འབྲས་དངོས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།