དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསོད་ནམས་ཉི་མས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2024ལོའི་ཚོགས་འདུ་ཐེངས་11པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    ཚེས་23ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བསོད་ནམས་ཉི་མས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2024ལོའི་ཚོགས་འདུ་ཐེངས་11པ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། པད་མ་དབང་འདུས། སྒྲོལ་དཀར། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

    བསོད་ནམས་ཉི་མས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཟབ་སྦྱོང་མཐིལ་རྟོགས་དང་གོ་དོན་མཐིལ་རྟོགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནང་སེམས་ལ་ཟུག་པ་དང་ཕྱི་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བསོད་ནམས་ཉི་མས་སྒྱུར་བཅོས་ཀྱི་བསམ་བློ་དང་། གསར་གཏོད་ཀྱི་འདུ་ཤེས། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་གྲོས་མོལ་ དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་གྱུར་རྒྱ་ཁྱབ་བྱས་ནས་མི་དམངས་སྲིད་གྲོས་དེ་བས་ལེགས་པའི་སྒོ་ནས“གཡུལ་ས་གལ་ཆེན”དང་། “ལས་སྟེགས་གལ་ཆེན” “ཐབས་ལམ་གལ་ཆེན”བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཕྱི་ཕྱོགས་འགྲོ་འོང་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་རླབས་པོ་ཆེ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་འདུ་ཤེས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས་པ། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འཆར་འགོད་རྩ་གནད་”གཉིས་ཀྱི་བླང་བྱ་ལྟར《བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་འཆར་འགོད(2024ལོ་ནས་2027ལོ་བར)》ལག་བསྟར་ནན་ཏན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།