ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་23ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཅས་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས“དུས་སྐབས”དང“དུས་བབ”སྟངས་འཛིན་བྱས་པ་དང་། “གཏོར་བ”དང“འཛུགས་པར”སྤྱི་འདོམས་བྱས་པ། “ལམ་ལུགས”དང“བཅོས་སྐྱོང”མཉམ་འདྲེས་བཅས་བྱས་ནས《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེས་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་ཡོལ་བ་ཕྱེ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རོལ་དབྱངས་དཀྲོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན་བཅས་ཀྱིས་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་དང་། དུས་བབ་ལ་དོན་དངོས་དང་མཐུན་པའི་དབྱེ་ཞིབ། ཡུན་རིང་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམིགས་པ། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་ཇུས་འགོད། མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན་གྱི་བཀོད་སྒྲིག་བཅས་བྱས་པར་གཙོ་འཛིན་གྱི་སྟོབས་ཤུགས་ཆེན་པོ་དང་། དགོངས་པའི་སྟོབས་ཤུགས་ཆེན་པོ། དགོངས་དོན་གྱི་སྟོབས་ཤུགས་ཆེན་པོ། ལག་ལེན་གྱི་སྟོབས་ཤུགས་ཆེན་པོ། མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ། མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་བཅས་འདུས་ཡོད་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྤྱི་ཡོངས་ལ་ཇུས་འགོད་དང་། འཕེལ་ཕྱོགས་ཆེན་པོར་སྟངས་འཛིན། དོན་ཆེན་ལ་དམིགས་པ། གསར་འབྱེད་གསར་གཏོད། འགན་འཁྲི་ཧུར་ཐག་འཁུར་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། འགོ་འཛུགས་ས་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་སྒྱུར་བཅོས་ཀྱི་ལེའུ་གསར་པ་མུ་མཐུད་ཡག་པོ་རྩོམ་དགོས།
ཡན་ཅིན་ཧའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་ནན་ཏན་དང་། ཕྱོགས་ཡོངས། ཞིབ་ཚགས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། བསམ་བློའི་རྩ་བ་སྔར་བས་དམ་པ་དང་། ལས་ཀའི་བྱེད་ཐབས་སྔར་བས་ཏན་ཏིག འགན་འཁྲི་དོན་འཁྱོལ་སྔར་བས་ནན་པོ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ་བསམ་བློའི་ཆུ་རགས་བརྟན་པོ་སྐྲུན་པ་དང་། སྤྱོད་བཟང་སྒྲིག་ནན་དམ་དུ་གཏོང་བ། འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད། གྱོད་དཔེར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་དང་སྒོ་དབྱེ་དང་། སྐྱེ་ཁམས་དང་འཕེལ་རྒྱས། གཉིས་བཀུར་དང་བརྟན་འགོག ཚན་རྩལ་དང་གསར་གཏོད། དབུལ་ལོག་སྔོན་འགོག་དང་འབབ་འཕར་ལ་སྐུལ་འདེད་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།