དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་བཏང་སྟེ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས།

    ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་བ་མ་ཟད། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”གི་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལ་གཟིགས་ཞིབ་མཛུབ་ཁྲིད་གནང་བ་དང་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་པ་བཅས་གནང་བ་ལས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་སུ་འཛུགས་གཏོད་བྱེད་པའི་འབད་འཐབ་དམིགས་ཚད་ཞིབ་ཚགས་ཅན་དང་གཞི་རྟེན་ཅན་དུ་འགྱུར་བ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འཛུགས་གཏོད་བཞི”ནི་བོད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་པའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱ་ཆེད་གཏན་འཁེལ་གནང་བའི་གཞི་རྟེན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་སྤྱི་འདོམས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་བྱེད་པ། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས། རང་ངོས་ཀྱི་ལས་དོན་དང“འཛུགས་གཏོད་བཞིའི”ཟུང་འབྲེལ་བྱེད་ས་དང་འགོ་འཛུགས་ས་གནད་ལ་འཁེལ་པོས་བཙལ་འཚོལ། རྒྱུན་སྲིང་ལྷོད་མེད་ངང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་བཅས་བྱས་ཏེ“དོན་ཆེན་བཞི”གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སྟངས་འཛིན་བྱེད་པ་དང་། ཐབས་ཇུས་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་མ་ཟད། ལས་དོན་ཁག་ཚང་མ་ཕྱོགས་སྟོན་དང་ཚད་གཞི་དེར་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་རེ་རེ་བཞིན་རྗེས་སྙེགས་ཐག་གཅོད་དང་། མཚམས་ཚིགས་རེ་རེ་བཞིན་སྐུལ་འདེད་ཏན་ཏིག་གཏོང་བ། ལས་འགན་རེ་རེ་བཞིན་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲུབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། ཕྱོགས་གཅིག་ནས་སྒྱུར་བཅོས་ལམ་ལུགས་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ནས་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། གོང་འོག་མཐུན་སྦྱོར་མཐའ་འཁྱོངས་དང་འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་བྱེད་དགོས་ལ། གཙོ་གནད་འབུར་ཐོན་དང་འགག་རྩར་དམ་འཛིན་བྱེད་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས“འཛུགས་གཏོད་བཞིར”ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས། གདིང་ཤུགས་ཆེ་ཤོས་སྐྱེ་ཁམས་བཅས་ཡིན་པའི་ངོས་འཛིན་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལམ་སྲོལ་འཛུགས་པ་བཅས་བྱས་ནས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་མངོན་འགྱུར་བྱེད་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ས་གནས་ཀྱི་མང་ཚོགས་སྡོད་ཐུབ་པ་དང་། ཐོན་ལས་ཡོད་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས། ལས་དོན་གྱི་གཙོ་གནད་འབུར་ཐོན་དང་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་མཁས་པོ་བྱེད་པ་དང་། གནས་ཚུལ་གསར་པ་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་ཐག་གཅོད་ཧུར་ཐག ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ། རིགས་དབྱེ་ཇུས་བསྟར་དང་གནད་སྨིན་ཤུགས་འདོན། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བ་བརྟན་འཛུགས་བཅས་བྱས་ནས་ལས་དོན་ཁག་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། རིམ་ཁག་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བཅས་བྱས་ནས་འགན་ནུས་སྡེ་ཚན་ཁག་གིས་འཁྲི་འགན་རང་འཁུར་དང་། མཉམ་ལས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་བྱས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་འཐབ་ཕྱོགས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་སྤྱོད་པར་གཙིགས་ཆེན་བྱེད་པ། དཔྱད་ཞིབ་བཀོད་འདོམས་ཀྱི་ཕྱོགས་སྟོན་དབྱུ་གུའི་ནུས་པ་འདོན་པ། ཚན་རིག་དང་མཐུན་ལ་ཚད་ལྡན་དང་བྱ་དགའ་ཆད་གཅོད་གསལ་འབྱེད། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།