དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-20

    ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་སྡེ་ཁུལ་དུ་ཕེབས་ཏེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་བསྒྲུབས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    “ལས་ཀར་ཞུགས་ནས་ག་ཚོད་ཕྱིན་སོང་ངམ”དང“དུས་རྒྱུན་ལས་དོན་ཇི་ལྟར་སྤེལ་གྱི་ཡོད་དམ”ཅེས་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གློག་ཤུགས་ཁུལ་ཆུང་དང་། དུས་ཐེངས་གསུམ་པའི་གྲོང་བྱང་བདེ་སྡོད་ཁང་། ཉང་བྲན་མངགས་གཏོང་ཁང་ཚེས་གསུམ་ཐང་སྡེ་ཁུལ་ཉེན་དོན་ཁང་བཅས་སུ་ལིའུ་ཅང་གིས་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྡེ་ཁུལ་ནི་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་ཡིན་པས་དམངས་སེམས་དང་འབྲེལ་ཞིང་དམངས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད། གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམ་པོར་དམིགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། གནད་འཁེལ་བཅས་ཡོང་བ་བྱས་ཏེ་སྡེ་ཁུལ་དེ་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་སྐྱོང་དང་བདེ་སྡོད་ལས་བརྩོན་བྱེད་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

    ལིའུ་ཅང་གིས་གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ལས་དོན་མཐའ་དག་གི་གཞི་ཚུགས་སའང་ཡིན། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས“གཅིག་གྱུར་གཅིག་དང་འབྲེལ་མཐུད་དྲུག”གི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་གཙོ་ཁྲིད་ནུས་པ་གང་ལེགས་འདོན་པ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་ཡག་པོ་བྱེད་པ། གཞི་རིམ་བཅོས་སྐྱོང་གི“འཐབ་ས་དང་པོའི་འཐབ་འཛིང་བཙན་རྫོང”ཡག་པོ་སྐྲུན་པ། གཞི་རིམ་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ལ་སྒྱུར་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཧྥུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞི་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱེད་པ། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་དང་སྡེ་ཁུལ་བཅོས་སྐྱོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཞི་རིམ་དུ་སེལ་བ་དང་ཆུང་དུས་ནས་སེལ་དགོས་པ་དང་དེ་བས་ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་ཧུར་ཐག་སྐྲུན་དགོས། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ་དང་། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་དམངས་བདེ་སྐྱོང་བ་དང་། དམངས་འཁོན་འཇགས་པ། དམངས་ངལ་སེལ་བ། དམངས་ཕན་སྐྲུན་པ། དམངས་སྐྱིད་སྐུལ་བ། དམངས་སེམས་དྲོས་པ་བཅས་མཐའ་འཁྱོངས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།