ཝང་ཅུན་ཀྲེང་གིས་ཕེང་ཆིང་ཧྭ་བཅས་པ་དང་བཞུགས་མོལ་གནང་བ།
ཤའོ་ཁའེ་ཐི·དབྱི་མིང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི་བཅས་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་བཅས་པ་དང་བཞུགས་མོལ་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཤའོ་ཁའེ་ཐི·དབྱི་མིང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཡུས་ཁྲུན་ཧྲེང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། རྒྱལ་མཚན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཕེང་ཆིང་ཧྭ་དང་བཅས་པ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་སྟོབས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་དང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་མཐའ་འཁྱོངས། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཆོས་ཉིད་ཀྱི་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ། ཏང་སྲིད་དམག་ཉེན་དམངས་ཀྱི་མཐའ་སྟོབས་མཐའ་བརྟན་གྱི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་ཧུར་ཐག་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཐའ་བརྟན་དང་མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
བརྟག་ཞིབ་ཚོགས་ཆུང་གིས་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་མཐའ་མཚམས་འཛུགས་སྐྲུན་དང་། ཁྲིམས་སྐྱོང་འཛུགས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རམ་འདེད་བྱེད་པའི་རེ་བ་ཡོད།
ཕེང་ཆིང་ཧྭ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཐེངས་འདིའི་བརྟག་ཞིབ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ནན་པོ་དང་། སེམས་ནུས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་བ་བཅས་བྱས་པས། ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་མདུན་ལམ་བཟང་པོ་ཡོད། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་དང་ཏན་ཏིག་ཁུར་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ནུས་ཤུགས་ཡོད་རྒུས་ཡག་པོ་སྲུང་བ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་པའི་རེ་བ་ཡོད། བརྟག་ཞིབ་ཚོགས་ཆུང་གིས་མཐའ་བདེ་དང་མཐའ་བརྟན་མཐའ་དར་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་བོད་ཀྱི་ཉམས་མྱོང་དང་བྱ་ཐབས་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། བོད་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་གསེད་བཀྲོལ་དང་ཞིབ་འཇུག་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་གཏན་འཁེལ་བའི་འགན་ནུས་ལ་གཞི་ཚུགས་ནས་ཁ་གཏད་གཅོག་ཐབས་དང་གྲོས་འགོ་འདོན་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དེ་བས་ཡག་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཟླ་7ཚེས་8ནས་13ཉིན་བར་བོད་དུ་བརྟག་ཞིབ་གནང་རིང་། ཕེང་ཆིང་ཧྭ་དང་བཅས་པ་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་ཀྱི་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བར་ཕེབས་ཏེ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཚེས་11ཉིན་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཀྱི་ལས་ཀའི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད།