ཀརྨ་ཚེ་བརྟན་གྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་སྣེའུ་ཤར་གྱི་ཁུལ་དང་པོ་དང་། ཚེ་མཆོག་གླིང་གི་ཁུལ་དང་པོ་དང་གཉིས་པ། བོད་ལྗོངས་བོད་སྐྲུན་ཝུའུ་ཧྲེང་ཡུལ་ཤིང་གསོ་སྤེལ་རྟེན་གཞི་བཅས་སུ་ཕེབས་ཏེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འགན་གཙང་ལེན་ནགས་བཟོ་དང་། རྣམ་གྲངས་འཛུགས་སྐྲུན་སྲ་བརྟན་དང་མཐོར་གཏོང་། ཡུལ་ཤིང་གསོ་སྤེལ་ལས་དོན་བཅས་ལ་བརྟག་ཞིབ་དང་ཆེད་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དཔལ་ཚོགས་འདུར་ཞུགས་ཡོད་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་བཏོན་པའི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། “མཚོ་བོད་ས་མཐོའི་སྐྱེ་ཁམས་ཡག་པོ་སྲུང་བ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ”ཞིག་ཡིན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིབ་ཕྲ་ཅན་དང་ལག་ལེན་ཅན་གྱི་བྱེད་ཐབས་གལ་ཆེན་ཞིག མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། བྱས་རྗེས་དེང་འདིར་བཞག ཕན་འབྲས་སྐལ་བརྒྱར་ཐོན་པའི་དོན་ཆེན་དང་གལ་ཆེའི་བྱ་བ་བཟང་པོ་ཞིག་བཅས་རེད།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཕྱི་རོལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས། ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བཅས་བྱས་ནས། ལྕང་སོན་གདམ་གསེས་དང་། ལྕང་སོན་འདེབས་གསོ། ནགས་བཟོའི་ལག་རྩལ་སོགས་ཀྱི་ཉམས་མྱོང་བཟང་པོ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཐན་འགོག་གྲང་འགོག་དང་། ཆུར་གྲོན་ཆུང་དང་སྲུང་སྐྱོང་། དྲོད་སྲུང་བརླན་འཕེལ་སོགས་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། དོན་དངོས་དང་མཐུན་པ་དང་། སྤྱོད་ཆོག་པ། འདྲ་བཟོ་ཐུབ་པ་བཅས་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་ཐབས་ལམ་ཞིག་བཏོད་ནས། དཔེ་སྟོན་གྱི་ཚད་ཤིང་ཞིག་ཏུ་འགྱུར་བའི་བརྩོན་ལེན་བྱེད་དགོས། ཚན་རྩལ་གྱི་འདེགས་སྐྱོར་མངོན་གསལ་དོད་དུ་དང་། ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཤིང་འཛུགས་ནགས་བཟོ་དང་། བདག་སྐྱོང་གཉེར་སྐྱོང་། གསབ་འདེབས་གསབ་བཟོ་སོགས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཚན་རྩལ་ཁྱབ་པར་བྱེད་དགོས། “ལྕང་སོན་གྱི་འགག་སྒོ་དང་། འདེབས་འཛུགས་ཀྱི་འགག་སྒོ གཡོག་བྱེད་ཀྱི་འགག་སྒོ”བཅས་ནན་པོ་བསྲུངས་ཏེ། གསོན་ཚད་དེ་དཔྱད་ཞིབ་ཀྱི་དམིགས་ཚད་གལ་ཆེན་དུ་བརྩིས་ནས། སྡོང་ཕྲུག་ལ་ཆུ་འདྲེན་པ་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་གཡོག་བྱེད་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“བཏབ་རྗེས་སྐྱེ་ཐུབ་པ་དང་། གཡོག་བྱེད་ཡག་པོ་བྱེད་པ། རྒྱུན་སྲིང་ཐུབ་པ”བཅས་དངོས་འབྲེལ་ཡོང་བར་བྱེད་དགོས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། འགན་འཁྲི་གཙང་ལེན་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་སྲིང་ལྷོད་མེད་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།