དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་དང་བཞུགས་མོལ་གནང་བ།

    ཡོན་ཅ་ཅུན་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

    ཟླ་7ཚེས་8ཉིན་ནས་ཚེས་10ཉིན་བར། ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། ཚེས་9ཉིན་གྱི་ཕྱི་དྲོར། བོད་དང་ཁྲུང་ཆིང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་7ཚེས་8ཉིན་ནས་ཚེས་10ཉིན་བར། ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། འདི་ནི་འཐུས་མི་ཚོགས་པས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བཀྲ་ཤིས་སྒང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་སུ་གཞི་རིམ་མང་ཚོགས་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ཚེས་8ཉིན་ནས་ཚེས་10ཉིན་བར། ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཚེས་9ཉིན་གྱི་ཕྱི་དྲོར། བོད་ལྗོངས་དང་ཁྲུང་ཆིང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཡོན་ཅ་ཅུན་གྱིས་གསུང་བཤད་གནང་སྐབས། ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་ཀྱིས་དུས་ཡུན་རིང་པོའི་ནང་ཁྲུང་ཆིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཡོན་ཅ་ཅུན་གྱིས་གསུངས་དོན། བོད་ཀྱི་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཁྲུང་ཆིང་ལ་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁྲུང་ཆིང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་དགོས་མཁོ་དང་ཁྲུང་ཆིང་གི་འཇོན་ནུས་ལ་གཞི་ཚུགས་ནས། བོད་སྐྱོར་ལས་དོན་གྱི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་གཏོད་རྒྱུ་ཡིན། ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱད་ལྡན་ལེགས་ཆའི་ལྗང་མདོག་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གྱི་མཐུན་སྦྱོར་གསར་གཏོད་མ་ལག་འཛུགས་པ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གྲགས་ཅན་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཡིན། ཚོགས་སྒྲིག་རྣམ་པའི་ཆེད་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཀྱི་ལས་སྟེགས་སྐྲུན་པ། སྨན་བཅོས་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་རྒྱུ་ཡིན། གྲོང་གསེབ་དར་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ། ཞིང་ལས་ཐོན་ཟོག་གི་བྲིན་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་བ། རྒྱུན་མཐུད་ངང་གྲོང་གསེབ་ཀྱི་རང་རྟེན་ནུས་པ་ཆེ་རུ་གཏོང་བ་དང་ནང་སྐྱེས་སྒུལ་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དམངས་འཚོའི་བདེ་རྩ་དེ་བས་ཆེ་རུ་གཏོང་དགོས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་གཉིས་སུ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་མོས་སེམས་རྒྱུན་མཐུད་ཆེ་རུ་གཏོང་བ། ས་ཆ་གཉིས་ཀྱི་མི་སྣ་འགྲོ་འོང་དང་། མི་སེམས་མཐུན་པོ། བརྩེ་སེམས་གཅིག་འདྲེས་བཅས་ལ་དེ་བས་ལེགས་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས། གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ནུས་རྒྱུའི་མ་ལག་གསར་པ་མཉམ་དུ་གཏོད་པ་དང་། གྲངས་འཛིན་དཔལ་འབྱོར་མཉམ་ལས་གཏིང་ཟབ་བྱེད་པ། ཕྱི་ཕྱོགས་སྒོ་དབྱེ་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཁུལ་ཁོངས་མཉམ་ལས་ཀྱི་དཔེ་ལྟ་ས་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་རྣམ་པ་གསར་པ་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཁྲུང་ཆིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ཀྱིས་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། བོད་ཀྱིས་ཁྲུང་ཆིང་གི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་དཔེ་བལྟས་ནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་བོད་དང་ཁྲུང་ཆིང་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་གྱི་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་གཏོད་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཁྲུང་ཆིང་གི་ལེགས་ཆ་དང་བོད་ཀྱི་ཐོན་ཁུངས་དང་ཁྲོམ་ར་ཟུང་འབྲེལ་བྱེད་པ་དང་། གྲངས་འཛིན་དཔལ་འབྱོར་དང་སྤྱི་སྤྱོད་མཁའ་འགྲུལ་སོགས་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐོན་ལས་སྤོ་སྒྱུར་དང་འབྲེལ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ས་གནས་གཉིས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ས་གནས་གཉིས་ཀྱི་ཤེས་ལྡན་པ་དང་ཚན་རྩལ་སྤེལ་རེས་དང་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་པ་དེ་བས་མང་བ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཞུགས་རྒྱུར་ལྕག་སྐུལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ཐཱན་བསྡུས་མཉམ་ལས་ཧུར་ཐག་བྱེད་པ་དང་། ནུས་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་དང་ཁྲུང་ཆིང་གི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ཁྲོད་ཀྱི་ཁྲུང་ཆིང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་མཁས་པོ་བྱས་ཏེ་བོད་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱི་ཕྱོགས་སྒོ་དབྱེ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་དང་། ཐོན་ཁུངས་མཉམ་སྤྱོད། ཤེས་ལྡན་པ་ཕན་ཚུན་རོགས་སྐྱོར། སྤུས་རྟགས་མཉམ་གཏོད་བཅས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་མཐའ་མཚམས་ཉོ་ཚོང་འགག་སྒོའི་སྲིད་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།

    ཁྲུང་ཆིང་གྲོང་ཁྱེར་གྱི་འགོ་ཁྲིད་ཚའེ་ཡུན་ཀེ་དང་། ཁྲེན་ཤིན་ཝུའུ། ཏན་ཡན་ཀྲེང་བཅས་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། རེན་ཝེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཁྲེན་ཤིན་ཝུའུ་དང་རེན་ཝེ་ཡིས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤེལ་རེས་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ། ས་གནས་གཉིས་ཀྱི་ཚབ་ཞུས་ནས《ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།

    བོད་དུ་བཞུགས་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་རི་བོ་ཆེ་རྫོང་གི་ཁམས་པའི་མེ་ཏོག་གླིང་དང་། བཀྲ་ཤིས་སྒང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས། ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་བཅས་ལ་རྟོག་ཞིབ་གནང་བ་དང་། ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ་དང་འབྲེལ་གཞི་རིམ་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།