ཡན་ཅིན་ཧའེ་ཡིས་ཉིང་ཁྲི་དང་ཆབ་མདོར་བརྟག་ཞིབ་གནང་བ།
ཚེས་2ཉིན་ནས་ཚེས་7ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་། རྫ་ཡུལ་རྫོང་། བྲག་ཡིབ་ཆུས། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་བཅས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།
བོད་ནས་འགྲོ་འོང་བྱེད་སའི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འཆར་འགོད་འཛུགས་སྐྲུན་བྱ་ཡུལ་དུ་ཡན་ཅིན་ཧའེ་ཡིས་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ། ཚན་རིག་དང་མཐུན་པའི་ཨར་སྐྲུན་དང་། བདེ་འཇགས་ཨར་སྐྲུན། ལྗང་མདོག་ཨར་སྐྲུན་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་གྲྭའི་རྣམ་གྲངས་གལ་ཆེན་འདི་ཉིད་ཡག་པོ་བསྐྲུན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་སྤོ་བོ་རྫོང་གི་ཀོ་ཤ་སྐྱེད་སྲིང་རྟེན་གཞི་དང་། རྫ་ཡུལ་གྱི་ནགས་ཁྲོད་འཁྲི་སྐྱེས་ཤ་མོའི་ཐོན་ལས། བྲག་ཡིབ་ཆུས་ཀོང་པོ་རྒྱ་མདའི་མེ་ཏོག་རོང་། དཔའ་ཤོད་ལ་སྒོ་གྲོང་ཚོའི་ཡུལ་སྐོར་ཐོན་ལས་བཅས་སུ་རྟོག་ཞིབ་གནང་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“བོད་ལྗོངས”ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་སའི་སྤུས་རྟགས་ཤིག་རེད། དགེ་སྤེལ་སྐྱོན་སྤང་དང་ལེགས་བཅོས་རིམ་སྤོར་བྱས་ཏེ་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ་དང་། “ཉུང་ཞིང་སྤུས་ཀ་དག་པ་དང་ཉུང་ཞིང་ལེགས་པར”དམིགས་ཏེ་ནགས་ཁྲོད་ཀྱི“དམིགས་བསལ་ཐོན་རྫས”ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཐོན་ལས་འཁོར་འབྲེལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་རྩེར་སོན་བཏོད་དེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་འབྲོག་པའི་མཉམ་ལས་ཁང་སྟོབས་ཆེར་གཏོང་བ། ཡུལ་སྐོར་བའི་ཉམས་ལེན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ས་གནས་དེ་གའི་ལེགས་ཆ་དམངས་ཕྱུག་འབབ་འཕར་གྱི“འདེགས་སྐྱོར་ཆེན་པོར”འགྱུར་བར་བྱས་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད། རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་ཡན་ཅིན་ཧའེ་ཡིས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་བྱེད་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཆུ་གློག་ལས་གྲྭའི་རྣམ་གྲངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ས་གནས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་སྤྱི་འདོམས་བྱས་ཏེ་གློག་ཁང་གཅིག་སྐྲུན་པ་དང་། ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། ཕྱོགས་གཅིག་གི་མི་སེར་ལ་ཕན་པ་འདོགས་པ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམིགས་ནས་ཡན་ཅིན་ཧའེ་ཡིས་རྫ་ཡུལ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་དེ་བཞིན་འཛེ་ཐར་གྲོང་ཚོའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་སུ་བརྟག་ཞིབ་གནང་ནས་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་སྡོད་མཁན་ཡོད་ཚེ་གཞི་ནས་མཐའ་མཚམས་བརྟན་ལྷིང་ཡོང་ཐུབ”ཅེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱས་ཏེ་སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་ཡག་པོ་སྐྲུན་པ་དང་། སེམས་ནུས་ཡོད་རྒུས་ཞབས་ཞུ་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། མཐའ་མཚམས་ཉོ་ཚོང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་འཕར་གང་ཐུབ་བཅས་བྱས་ནས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
མང་ཚོགས་ཀྱི་འཚོ་བ་ནི་ཡན་ཅིན་ཧའེ་ཡིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བའི་དོན་ཆེན་ཞིག་རེད། ལམ་བར་དུ་ཡན་ཅིན་ཧའེ་ཡིས་གྲོང་ཚོ་དང་དུད་ཁྱིམ་དུ་འཚམས་འདྲི་གནང་བར་ཕེབས་ནས་ཁོང་ཚོར་འཚོ་བའི་སྐོར་འདྲི་བ་དང་། ཉེ་དུས་ཀྱི་གནས་ཚུལ་གླེང་བ། གྲོས་འགོ་གསན་པ། འཕེལ་རྒྱས་ཀྱི་སྐོར་གླེང་བ་བཅས་གནང་བ་རེད། བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་རབ་དང་རིམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་པ་རེད། ཡན་ཅིན་ཧའེ་ཡིས་བོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཚང་མའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་ལུགས་འདུས་ཡོད། ང་ཚོས་ངེས་པར་དུ་ཕན་པ་གང་ནས་བྱུང་བ་དང་བཀའ་དྲིན་སུ་ལ་འཇལ་དགོས་ལུགས་ཤེས་དགོས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གུང་ཁྲན་ཏང་གི་བཀའ་དྲིན་དེ་བས་ཀྱང་ཚོར་ཐུབ་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་སར་བསྐྱོད་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ་དང་། དབུལ་ལོག་གཏན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། “ཞིང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་པ་གཏོད་པའི”བྱ་སྤྱོད་ལག་ལེན་ཡག་པོ་བསྟར་བ་དང་། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱིས་རང་རྟོགས་ངང་སྐྱོན་བྲལ་དང་ཤེས་དཔལ་གྱི་སྲོལ་གསར་གཏོད་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།