ཀརྨ་ཚེ་བརྟན་གྱིས་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་དང་ཅུས་ལུང་ཟངས་ལས་ལ་བརྟག་ཞིབ་གནང་བ།
ཟླ་7ཚེས་3ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་གྱིས། བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་དང་ཅུས་ལུང་ཟངས་ལས་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། གཏེར་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཕན་ཡོད་ཐབས་ལམ་ལ་མཉམ་དུ་གྲོས་མོལ་གནང་བ་རེད། ཀརྨ་ཚེ་བརྟན་དང་བཅས་པས་ཁེ་ལས་གཉིས་ཀྱི་བློ་རིག་གཏེར་རི་འཛུགས་སྐྲུན་དང་། སྐྱེ་ཁམས་བསྐྱར་གསོ་བཅོས་སྐྱོང་། གཏེར་སྙིགས་གསོག་མཛོད་འཛུགས་སྐྲུན་བསྐྱར་སྐྲུན། ཐོན་སྐྱེད་འཁོར་ཁང་གཉེར་སྐྱོང་སོགས་ལ་ལྟ་ཞིབ་ཞིབ་ཚགས་གནང་བ་དང་འབྲེལ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་བདེ་འཇགས་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གཏེར་རིའི་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་མཁོ་སྤྲོད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཕོད་པར་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་སླར་ཡང་རྒྱལ་ཡོངས་ཀྱི་རུ་སྟར་གྲུ་བཞི་དང་པོའི་ནང་ཚུད་པར་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པ་དང་། ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པ། བསླབ་བྱ་བསྡུ་ལེན་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། དེ་སྔའི་བདེ་འཇགས་ལས་འཛོལ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན། ལས་འཛོལ་གྱི་འབྱུང་རྩ་དང་ཆོས་ཉིད་གསལ་རྟོགས། ཟུར་བསྟན་ལེབ་མཐོང་བཅས་བྱས་ནས་ཁེ་ལས་ཀྱི་ཐབས་ཇུས་དང་ཐོན་སྐྱེད་ལ་རྨང་གཞིའི་བདེ་འཇགས་ཀྱི་འདེགས་སྐྱོར་ཏན་ཏིག་བྱེད་དགོས་པ། བོད་ཀྱི་གཏེར་ཁུལ་འཕེལ་རྒྱས་གཏོང་བར་འཚམ་པའི་ཆེད་དམིགས་ལག་རྩལ་གྱི་ཚད་གཞི་དང་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཆེན་པོ་འཁུར་བའི་རྣམ་པ་གསར་པ་མངོན་པ་དང་། གསར་སྤེལ་དང་སྲུང་སྐྱོང་མཉམ་དུ་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་བའི་གཏེར་ཁུལ་གྱི་སྐྱེ་ཁམས་བསྐྱར་གསོ་བཅོས་སྐྱོང་བཅས་བྱས་ཏེ། ལྗང་མདོག་དང་། འཆམ་མཐུན། མཛེས་སྡུག བློ་རིག བདེ་སྐྱིད་བཅས་ཀྱི་གཏེར་རི་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།