རྒྱལ་ཡོངས་སྲིད་གྲོས་བོད་སྐྱོད་གཟིགས་ཞིབ་ཚོགས་པས་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཧོ་པའོ་ཞང་དང་ཝང་ཨེར་ཁྲེང་ཚོགས་འདུར་ཕེབས་པ།
ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་བོད་སྐྱོད་གཟིགས་ཞིབ་ཚོགས་པས་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོ་པའོ་ཞང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཨེར་ཁྲེང་སོགས་ཚོགས་འདུར་ཕེབས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་ཁྲོད་ཀྱི་སྲིད་གྲོས་ལས་དོན་གྱི་ལེགས་ཆ་དང་ནུས་པ་འདོན་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཧུར་ཐག་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དངོས་སྒྲུབ་ཀྱི་གྲོས་འགོ་མང་ཙམ་འདོན་པ་དང་གོ་ཆོད་ཀྱི་གྲོས་གཞི་མང་ཙམ་འབུལ་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་འགན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།