ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་པ།
ལའེ་ཅའོ་ཚོགས་འདུར་ཞུགས་ནས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།
ཟླ་7ཚེས་1ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། ཏང་དབུ་བརྙེས་ནས་ལོ་103འཁོར་བར་རྟེན་འབྲེལ་ཞུ་བ་དང་པུའུ་ལས་ཁུངས་ཀྱི་སྔོན་ཐོན་ཏང་ཀྲི་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་སྒྲིག་ཁྲིམས་ཀྱི་བླང་བྱར་བསྒྱུར་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་སྤྱད་དེ་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་པ་དེ་ཐོག་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་གང་ལེགས་མངོན་ཡོད། རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ནང་ཏན་ཏིག་ཞུགས་ནས། 《སྲོལ་ཡིག》གི་དགོངས་དོན་གྱི་ནང་དོན་དང་ཤུགས་རྒྱག་ཕྱོགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རང་གཅུན་རང་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ལམ་ནན་སྲུང་བཅས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་གཅིག་ཏུ་སྒྲིལ་དགོས།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་དང་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ཁྲོད《སྲོལ་ཡིག》གི་དོན་སྙིང་གཙོ་བོར་སློབ་སྦྱོང་དང་གོ་བ་བླངས་ཏེ། སྒྲིག་ཁྲིམས་ནན་པོ་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ལག་ལེན་དངོས་ནང་ཞུགས་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། རྩ་འཛུགས་སྡེ་ཚན་གྱི“འགན་འཁྲི་ཉིས་བརྩེགས”ནན་ཏན་ངང་སྒྲུབ་པ་དང་། “ཀྲི་པུའུ་ཧྲུའུ་ཅིའི་དུས་བཞིའི་འཆད་སྟེགས”དང“རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་འཆད་སྟེགས་ཆེན་པོ”སོགས་ཀྱི་ནུས་པ་བཏོན་ཏེ། དཔེ་གཞིར་བརྟེན་ནས་ཀུན་སྤྱོད་དང་སྒྲིག་ཁྲིམས། ཁྲིམས་ལུགས། འགན་འཁྲི་བཅས་གླེང་ནས། རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ཚད་ཤིང་བྱེད་པ་དང་མིག་དཔེ་འདོན་པར་ཁྲིད་སྟོན་བྱེད་དགོས། རྩ་འཛུགས་ལས་དོན་གྱི“ངེས་གནས་དང་། གནས་བབ། ནུས་པ”བཅས་ལ་དམ་པོར་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།