ཝང་ཅུན་ཀྲེང་ཁོངས་གཏོགས་ཏང་ཀྲི་པུའི་རྩ་འཛུགས་འཚོ་བར་ཞུགས་པ།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཞིག་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཕྱོགས་བསྡུས་ཁྲུའུ་དང་། བརྟག་ཞིབ་ཁྲུའུ། དྲུང་ཡིག་ཁྲུའུ(སྤྱི་ཁྱབ་ལས་རེས་ཁང)བཅས་ཀྱི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བར་ཞུགས་ནས། ཀྲི་པུའི་ཏང་ཡོན་བློ་མཐུན་དང་མཉམ་དུ་སློབ་སྦྱོང་དང་སྤེལ་རེས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་ཞུགས་པ་རེད།
ཚོགས་འདུའི་ཐོག ཏང་ཀྲི་པུའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་ཤིང་། ཝང་ཅུན་ཀྲེང་གིས་བློ་མཐུན་ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས་ཚང་མ་དང་སྤེལ་རེས་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་དང་། ཇུས་འདོན་རམ་འདེགས། ལྟ་སྐུལ་ཞིབ་བཤེར། ཞབས་ཞུ་འགན་ལེན་སོགས་ཀྱི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས་ནས་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། འགན་འཁྲི་ནན་ཏན་དང་ལས་ཀ་ཧུར་ཐག་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། ཐོས་བསམ་མྱོང་རྟོགས་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུར་སྣེ་ཁྲིད་དེ་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལས་དོན་དཀྱུས་མའི་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་ཤེས་རྟོགས་དང་། ཐོན་བཟོའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནས་ཚུལ་ཤེས་རྟོགས། རྙོག་འཛིང་ཆེ་བའི་འགལ་ཟླའི་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་རིག་པ་ཁོང་དུ་ཆུད་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་ལས་ཀར་ཞིབ་བསྡུར་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་སྤྱི་ཡོངས་ལ་ལྟ་བ་དང་། འཕེལ་ཕྱོགས་ཆེན་པོ་ཇུས་འགོད། དོན་ཆེན་ལ་དམ་འཛིན་བཅས་བྱེད་པ་དང་། རང་རྟོགས་ངང་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་དང་ཇུས་འགོད་ལ་སྐུལ་འདེད་གཏོང་བ། ངེས་གནས་ཡང་དག་འཚོལ་བ་དང་ཁ་ཕྱོགས་གསལ་བཏོན་བཅས་བྱས་ནས་དངོས་སྒྲུབ་དང་དོན་དངོས་ཀྱི་བྱས་རྗེས་ལ་བརྟེན་ཏེ“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་ཚང་མའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་དཔུང་ཁག་ཡག་པོ་འཛུགས་པ་དང་སྲོལ་བཟང་གཏོད་དགོས། མཐུན་སྦྱོར་མཁས་པོ་བྱེད་པ་དང“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་འདོམས་བྱེད་དགོས་པའི་ཚན་རིག་བཀོད་སྒྲིག་ཡག་པོ་བྱེད་པ་དང་། སྣེ་ཁྲིད་དགོས་རིགས་ལ་དུས་ཐོག་ཏུ་མཐུན་སྦྱོར་ཡག་པོ་བྱེད་པ། གཞོགས་འདེགས་བྱེད་དགོས་རིགས་ལ་རང་འགུལ་ངང་ཞབས་འདེགས་ཡག་པོ་ཞུ་བ་བཅས་ཀྱི་བྱེད་སྟངས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”ཚད་མཐོའི་རང་རྟོགས་ཀྱིས་ལས་ཀ་དོན་འཁྱོལ་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ལོ་མ་སེར་པོར་གྱུར་པ་མཐོང་དུས་སྟོན་ཁ་སླེབས་པའི་ཚོར་སྐྱེན་ཐུབ་པར་བྱས་ཏེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱེད་པ་དང་ལས་དོན་མ་བསྒྲུབས་གོང་ནས་རྙོག་འཛིང་ཆེ་ཙམ་ཡོད་པའི་སྔོན་དཔག་དང་། སྔོན་ཇུས་གྲ་སྒྲིག་ཞིབ་ཚགས། འགན་སྲུང་གྲ་སྒྲིག་ཚགས་ཚུད་བཅས་བྱས་ནས་ལས་འགོ་མ་རྩོམ་གོང་ནས་ཐེ་ཇུས་དང་། སྒྲུབ་རིང་གི་འགག་སྒོ་ནན་སྲུང་། བསྒྲུབས་རྗེས་ཕན་འབྲས་འདྲི་བ་བཅས་བྱས་ཏེ་ལས་ཀའི་གདུབ་ཟུམ་ཆགས་པར་བྱེད་དགོས། སྤྱི་ཡོངས་དང་འཐབ་ཇུས་ཀྱི་ཟུར་ཚད་ནས་གནད་དོན་ལ་ལྟ་སྟངས་འཛིན་མཁས་པོ་བྱེད་པ་དང་། རང་ཉིད་ཀྱི་གནས་བབ་ཡང་དག་འཚོལ་བ། རང་ཉིད་ཀྱི་ལས་ཀ་ཡག་པོ་བཅས་བྱས་ཏེ་ཞིབ་ཕྲའི་ལས་དོན་ལེགས་པོ་སྒྲུབ་པ་ནས་སྤྱི་ཡོངས་ལ་ཇུས་འགོད་བྱེད་པའི་བར་འགྱུར་ལྡོག་ཡག་པོ་འགྲོ་བར་བྱས་ཏེ་ལས་དོན་ཁག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་དགོས་མཁོ་དང་མཐུན་པར་བྱེད་དགོས།
ལས་དོན་གྱི་སྤྱོད་ཚུལ་ལེགས་སུ་བཏང་ནས་རང་རྟོགས་ཀྱིས་ཚན་རིག་དང་མཐུན་ལ་སྒམ་ནན་གྱི་ལས་ཀའི་གོམས་གཤིས་འཇགས་པར་བྱེད་དགོས། ལས་དོན་ཇུས་འགོད་ཞིབ་ཚགས་དང་། གཟབ་ནན་ཞིབ་ཕྲ། ཡག་ཐོག་ཡག་བརྩེགས་བཅས་ཡོང་བར་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་གཙོ་གནད་ལས་དོན་དང་དུས་མཚམས་རང་བཞིན་གྱི་གཙོ་གནད་ལས་དོན་གྱི་དབྱེ་བ་འབྱེད་པ་དང་གལ་ཆེ་ཆུང་དང་དལ་བྲེལ་ལ་གཞིགས་ནས་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་བཟོས་ནས་བྲེལ་བ་ཆེ་ཡང་ཟང་ཟིང་མེད་པ་དང་གོ་རིམ་ཡོད་པ་ཐོག་མཐའ་བར་གསུམ་དུ་ཐུབ་པར་བྱེད་དགོས། ལས་དོན་ཞིབ་ཚགས་བསྒྲུབས་ནས་དོན་ཆུང་དོན་ཆེན་ལ་བརྩིས་ཏེ་ལག་ལེན་བསྟར་བའི་ལས་དོན་ཞིབ་ཚགས་དང་། ཞིབ་ཕྲ། ཏན་ཏིག་བཅས་བསྒྲུབས་ནས་ནོར་འཁྲུལ་འབྱུང་སླ་བའི་རིགས་ལ་རྩིས་ཐོ་བཟོ་བ་དང་ཟུར་བསྟན་ལེབ་མཐོང་གིས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ལས་དོན་ཚད་ལྡན་སྒྲུབ་པ་དང་། ལམ་ལུགས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཟོ་བ། འཁོར་སྐྱོད་ཀྱི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ལས་དོན་གྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞབས་ཞུ་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
རང་ཉིད་ཀྱི་བློ་སྦྱོང་ཟབ་ཏུ་བཏང་ནས་ངལ་བ་དང་འཁང་ར་གཉིས་གཟོད་ཀྱིས་ལེགས་སྐྱེས་འབུལ་མཁས་པོ་བྱེད་དགོས། སེམས་བག་ཡངས་པོ་རྒྱུན་འཁྱོངས་བྱས་ནས་དཀའ་སྡུག་དང་སྤྲོ་སྣང་དང་ཐོབ་ཤོར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ཏེ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བརྟན་པོ་འཛུགས་པ་དང་། “ཁེ་ཕན་སྒྲུབ་སྐབས་གནམ་འོག་ཀུན་སེམས་ལ་འཆང་བའི”བློ་རྒྱ་ལྡན་པར་བྱེད་པ། ལྷག་བསམ་རྣམ་དག་དང་སྙིང་རུས་དང་ཡིད་ཆེས་དང་བརྩེ་བ་ཟབ་མོ་ཡོད་པ་བཅས་བྱས་ནས་གུང་ཁྲན་ཏང་མིའི་བསམ་པའི་མཐོ་ས་སྲུང་སྐྱོང་ཡག་པོ་བྱེད་དགོས། དཀའ་སྡུག་མྱངས་ཕོད་ཅིང་སྐད་གྲགས་མེད་པའི“བཞོན་གླང”གི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་ཀ་བྱ་གཞག་ལ་བརྩིས་ནས་དོན་གཉེར་དང་བྱ་གཞག་རྒྱུགས་རར་བརྩིས་ཏེ་འགན་སྒྲུབ་དང་དངོས་སྒྲུབ་ཁྲོད་དུ་སྦྱོང་བརྡར་ཡག་པོ་ཐུབ་པར་བྱེད་ དགོས།
གཞུང་ཞེན་རྣམ་དག་ལ་བརྟེན་ནས་མི་དམངས་གཞུང་ལས་པའི་རང་མདངས་ནམ་ཡང་སྲུང་དགོས། རྟག་ཏུ་འདོད་རྔམ་གྱི་གནོད་འཚེ་བསམ་པ་དང་། རྟག་ཏུ་སྲིད་སྐྱོང་གི་སྤྱོད་བཟང་བློ་སྦྱོང་བྱེད་པ། རྟག་ཏུ་རང་གཅུན་གྱི་བསམ་པ་འཆང་བ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་རྟོགས་ངང་སྤྱི་ཚོགས་ཀྱི་འབྲེལ་བའི་འཁོར་རྒྱ་དང་། འཚོ་བའི་འཁོར་རྒྱ། གྲོགས་ཚོགས་བཅས་དྭངས་གཙང་ཡོང་བར་བྱེད་པ། སྐྱོན་བྲལ་ཡར་ཐོན་གྱི་འཚོ་བ་སྐྱེལ་སྟངས་འཇགས་པར་མཐོང་ཆེན་བཅས་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། གཏམ་དང་སྤྱོད་པར་གཟབ་ནན་གྱིས་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཧུར་ཐག་བྱེད་པ་དང་དངོས་སྒྲུབ་བདེན་འཚོལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས།