སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱས་ནས་གུས་སྐྲག་ཤེས་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་མཉམ་ཤུགས་ཆེ་རུ་བཏང་བ།
རང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་ཏན་ཏིག་བཏང་བ།
ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་དམ་པོར་དམིགས་ནས་ཁྱོན་ཡོངས་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཀྱི་གསལ་འགྲེལ་དང་གསོ་སྦྱོང་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་ཅི་འདྲ་ཞིག་ཡིན་པ་དང་དེ་བཞིན་ལས་ཀ་གང་ཞིག་བྱེད་ཆོག་པ་དང་གང་ཞིག་བྱེད་མི་ཆོག་པ་ཤེས་སུ་བཅུག་ནས། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་གཏོང་དང་། དེ་བས་རང་གཅུན་རང་འདོམས། སྐྱོན་འགོག་ནུས་པ་ཆེར་གཏོང་བཅས་དང་དེ་བཞིན་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་ཐུབ་པར་བྱས་པ་རེད།
རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་གནད་འདིར་དམ་འཛིན་ནན་པོ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ཐོག《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་སྙིང་པོ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང《སྲོལ་ཡིག》ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དངོས་འབྲེལ་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་། རང་ལྗོངས་ཀྱིས་གཙོ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་ནུས་པ་ཡག་པོ་བཏོན་ཏེ་གངས་ལྗོངས་སྤྱོད་གཙང་གཞུང་དྲང་དང་། བོད་ལྗོངས་རྩ་འཛུགས་ལས་དོན། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”སོགས་ལས་སྟེགས་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་བཙུགས་པ་དང་། ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུགས་པུའུ། གུང་ཁྲན་ཏང་ཡོན་དྲ་ཚིགས་སོགས་སུ་སྤེལ་བའི་དབང་གྲགས་ལྡན་པའི་ནང་དོན་གསལ་འགྲེལ་རྩོམ་ཡིག་40ལྷག་ཙམ་བརྒྱུད་འགོད་དང་རྩོམ་སྒྱུར་བྱས་པ་རེད། གྲོང་ཁྱེར(ས་ཁུལ)ཁག་གིས“སྤྱོད་གཙང་ལྷ་ས”དང་། “ཇོ་རིའི་སྤྱོད་གཙང” “སྤྱོད་གཙང་ལྷོ་ཁ”སོགས་ལས་སྟེགས་ལ་བརྟེན་ནས《སྲོལ་ཡིག》ཆ་ཚང་དང་། བརྙན་ལམ། རིས་འགྲེལ། ཆེད་དོན་འགྲེལ་རྩོམ་སོགས་སློབ་སྦྱོང་ནང་དོན་དུས་ཐོག་ཏུ་སྤེལ་བ་རེད།
ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས《སྲོལ་ཡིག》དོན་ཚན་རེ་རེ་བཞིན་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》གསལ་འགྲེལ་བྱ་རྒྱུ་དེ་ཏང་གི་སློབ་གྲྭའི་འཛིན་གྲྭའི་རིམ་པ་གཙོ་བོ་དང་། ཆེད་དོན་གསོ་སྦྱོང་འཛིན་གྲྭ ས་ཡུལ་དངོས་སུ་སློབ་ཁྲིད། དྲ་ཐོག་གསོ་སྦྱོང་སོགས་ཀྱི་ནང་དོན་ནང་བཅུག་པ་བརྒྱུད་ཏང་ཡོན་དང་ལས་བྱེད་པར《སྲོལ་ཡིག》ནང་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཁག་གི་མཐའ་ཚད་དང་སྒྲིག་ཁྲིམས་ལག་བསྟར་གྱི་གཞི་འཛིན་ས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། དུས་རྒྱུན་གཏམ་སྤྱོད་ཀྱི་བསྡུར་ཞིབ་ཚད་ཤིང་དང་སྒྲིག་སྲུང་སྒྲིག་བསྟར་གྱི་བྱ་སྤྱོད་ཚད་གཞི་སྔར་བས་གསལ་པོ་ཤེས་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་གསོ་ཐོབ་ཡུལ་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་རིམ་པ་མི་འདྲ་བ་དང་གཙོ་གནད་ཁྱབ་ཁོངས་མི་འདྲ་བའི་ཏང་ཡོན་ལས་བྱེད་པར་ཡུལ་བབ་དང་བསྟུན་པ་དང་དམིགས་འབེན་ཇུས་བསྟར་མཐའ་འཁྱོངས་བྱེད་པ་དང་གསལ་འགྲེལ་གྱི་གསོ་སྦྱོང་གནད་སྨིན་བྱས་ཏེ“ཐབས་མང་བཅོས་སྐྱོང”ནས“ནད་བསྟུན་སྨན་སྤྲོད”བར་འགྱུར་ལྡོག་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཞིབ་ཚགས་ཅན་དང་གནད་སྨིན་ཅན་ལ་སྐུལ་འདེད་བཏང་ཡོད། “འགག་རྩའི་ཉུང་ཤས”ལ་དམིགས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྲིག་ཁྲིམས་ཁྲིམས་ལུགས་སློབ་གསོ་དེ་ཉིད“འགན་འཁུར་བ་ཨང་དང་པོའི”འདུ་འགོད་ལ་བརྩིས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ནན་ཏན་འཁུར་ཏེ་སྣེ་ཁྲིད་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམིགས་ཏེ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་དང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ས་གནས་དེ་ག་དང་སྡེ་ཚན་དེ་གས་སྤེལ་བའི《སྲོལ་ཡིག》གསལ་འགྲེལ་གྱི་གསོ་སྦྱོང་ནང་ཞུགས་ཏེ་ཏང་ཡོན་དང་ལས་བྱེད་པ་དཀྱུས་མས《སྲོལ་ཡིག》གི་ནང་དོན་ཟབ་སྦྱོང་མཐིལ་རྟོགས་ཡོང་བར་དཔེ་སྟོན་སྣེ་ཁྲིད་ཀྱིས་སྒྲིག་ལམ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྒྲིག་ཁྲིམས་ཀྱི་རང་རྟོགས་འཇགས་པར་བྱས་ཡོད།