རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འབྲུབ་འགོག་ཐན་འགོག་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་བསྐྱར་དུ་བཀོད་སྒྲིག་བྱས་པ་རེད།
རེན་ཝེ་ཡིས་མིག་སྔར་རང་ལྗོངས་ཀྱི་འབྲུབ་འགོག་ཐན་འགོག་གི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “མཐའ་འཁྱོངས་གཉིས་དང་འཕོ་འགྱུར་གསུམ”གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། ཆུ་ལོག་ཆེན་པོ་དང་། ཐན་པ་ཆེན་པོ། ཉེན་ཁ་ཆེན་པོ་བཅས་འགོག་སེལ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། འབྲུབ་འགོག་ཐན་འགོག་གཉིས་ཀར་ཕྱོགས་གཉིས་ནས་དམ་འཛིན་མཐའ་འཁྱོངས་བྱེད་པ། ས་ཁུལ་ཁག་གཅིག་གི་ཐན་ཞོད་འཕྲལ་འགྱུར་གྱི་ཉེན་ཁ་འགོག་ཟོན་བྱེད་པ། འབྲུབ་ཆུ་རྒྱས་དུས་ཀྱི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བཅས་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རེན་ཝེ་ཡིས་ཁོངས་གཏོགས་ཀྱི་ནུས་པར་བརྟེན་ནས་འབྲུབ་འགོག་ཐན་འགོག་སོགས་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ་དང་། གོང་འོག་འབྲེལ་མཐུད་ཀྱི་འགན་འཁྲིའི་མ་ལག་དང་ཚན་རིག་དང་མཐུན་པའི་ལས་ཕྱོད་ཆེ་བའི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གནམ་གཤིས་ཆུ་དཔྱད་སོགས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་འཐབ་ས་དང་པོར་ཐད་ཀར་འབྱོར་བའི་ཉེན་ཟོན་སྔོན་བརྡ་ཡོངས་བསྒྲགས་དང་འཕྲལ་སྡོམ་དང་ལེན་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གཙོ་གནད་ས་ཁུལ་དང་འགག་རྩའི་ས་ཚིགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ། ཚགས་དམ་པ་དང་ལས་ཕྱོད་ཆེ་བའི་འབྲུབ་འགོག་ཐན་འགོག་ལས་དོན་གྱི་མ་ལག་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དེ“དོན་དག་ཚང་མར་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་དུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།