ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ།
ཡན་ཅིན་ཧའེ་དང་ལིའུ་ཅང་ལྷན་དུ་ཕེབས་པ།
ཟླ་6ཚེས་26ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཕན་ཚུན་མཇལ་དར་འབུལ་བཞིན་པ།
ཚེས་26ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ལིའུ་ཅང་། ཟླ་བ་ཚེ་རིང་། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས་བཅས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ལ་བརྟག་ཞིབ་དང་། ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་ལ་ཕབ་སྟེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་དམིགས་ཚད་བཏོན་གནང་སྟེ། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཞིང་། མིག་སྔར་བོད་ལ་ཆབ་སྲིད་ལྷིང་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་དར་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ལྡན་པའི་དར་རྒྱས་གོང་འཕེལ་གྱི་འཕེལ་རྒྱས་རྣམ་པ་ཞིག་མངོན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྐུ་ནར་སོན་པ་དང་སྐུ་ཡོན་ཆེན་པོ་ཆགས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་སློབ་ཐུགས་ལ་བརྟན་པོར་ངེས་ཏེ་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་དང་ཐོས་བསམ་ལ་བརྩེ་གཅིག་ཏུ་གཞོལ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གཏིང་ཟབ་བྱས་ཏེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཆབ་སྲིད་དང་། དགོངས་པ། བརྩེ་སེམས་བཅས་ཀྱི་མོས་སེམས་ཟབ་ཏུ་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གུས་བཀུར་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུས་ནས་ཏང་ལ་བློ་གཅིག་སེམས་གཅིག་དང་།
བསམ་སྦྱོར་གཅིག་མཐུན་སྔ་བར་ཕྱི་གསུམ་དུ་ཐུབ་པར་བྱེད་དགོས། སྣེ་ཁྲིད་ནས་རྒྱལ་གཅེས་ཆོས་གཅེས་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། བོད་བརྒྱུད་ནང་བསྟན་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ཀྱི་དོན་དངོས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཉམ་སྐྲུན་ལ་ཁྲིད་སྟོན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་སློབ་སྦྱོང་ཧུར་ཐག་འབད་ཐག་བྱེད་པའི་རྣམ་འགྱུར་རྒྱུན་བསྐྱངས་ཏེ་སློབ་གཉེར་སྒོམ་སྒྲུབ་དང་གསུང་རབ་ལ་སྦྱངས་པ་མཐར་ཕྱིན་གནང་ནས་ཆོས་ལུགས་ཀྱི་མཁྱེན་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པའི”ཚད་གཞིའི་བླང་བྱ་ལག་ལེན་བསྟར་ཏེ་སྐུ་ཡོན་ཧ་ཅང་ཆེ་བའི་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་འཐུས་ཚབ་མི་སྣ་ཞིག་ཧུར་ཐག་བྱེད་ཐུབ་པར་བྱེད་དགོས། ཆོས་ལུགས་ཕྱོགས་ཡོངས་ནས་ནན་པོས་སྐྱོང་དགོས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ཏེ་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཕན་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་སྡོམ་ཁྲིམས་དགོངས་འགྲེལ་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་འདུལ་ཁྲིམས་དང་སྡོམ་ཁྲིམས་ནན་པོ་བསྲུང་བར་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གྲྭ་བཙུན་གྱིས་རང་གིས་རང་ལ་སློབ་གསོ་གཏོང་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བར་ཁྲིད་སྟོན་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས། རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས་ཤིང་། དུས་རབས་གསར་པས་དཀྲིས་པའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ཏེ་རང་ངོས་ཀྱི་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་ལ་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་དང་བརྩེ་བ་ཆེན་པོས་སྤྱི་ཚོགས་ལ་བརྟག་ཞིབ་བྱས་ཏེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྒྲུབ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ད་ཐེངས་བོད་ལ་བརྟག་ཞིབ་བྱེད་སྐབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་དངོས་སུ་མྱོང་ཚོར་ཐུབ་བྱུང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། “ཚད་གཞི་བཞིར”བརྩི་སྲུང་ཞུས་ནས། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ནང་བསྟན་རིག་པའི་ཡོན་ཚད་ཟམ་མི་ཆད་པར་ཟབ་གཏོང་དང་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། ཏང་གི་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་རང་ངོས་ཀྱི་འཇོན་ཐང་གང་ལེགས་འདོན་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོའི་ཁྲོད་མིག་དཔེ་བསྟན་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།