ཡན་ཅིན་ཧའེ་ཡིས་ལྷ་སའི་འགག་སྒོ་ལས་ཁུངས་ལ་བརྟག་ཞིབ་གནང་བ།
ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་སའི་འགག་སྒོ་ལས་ཁུངས་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
བསྟན་པ་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་འགག་སྒོའི་ལོ་རྒྱུས་ཁང་དང་། ལག་རྩལ་ལྟེ་གནས་ཀྱི་ཚོད་ལྟ་ཁང་། ལྟ་སྐུལ་ཚོད་འཛིན་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་ལྷ་ས་འགག་སྒོ་བཙུགས་པའི་ལོ་རྒྱུས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་། ས་མཐོའི་ཆུའི་ཐོན་ཁུངས་སོགས་ལག་རྩལ་ལྟ་ཞིབ་དང་རིག་ལྡན་ལྟ་འདོམས་དང་ལས་སྟེགས་སྐྲུན་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ། ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འགག་སྒོ་ལས་ཁུངས་ཀྱིས་རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རྒྱང་ལམ་གསར་པར་སླེབས་པས་འགག་སྒོའི་ལས་དོན་ཐད་སེམས་ནུས་གཅིག་སྒྲིལ་དང་ནུས་པ་འདོན་སྤེལ་དེ་བས་བྱེད་དགོས་ཏེ། གཅིག་ནས་ཆབ་སྲིད་ཀྱི་འགག་སྒོ་སྟོབས་ཆེན་བསྐྲུན་ནས་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་རྒྱག་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”སྲུང་སྐྱོང་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་འགག་སྒོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་འཐབ་མཁར་རྫོང་བརྟན་པོ་དང་ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ལས་ཁུངས་བཏོད་དེ“ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པོ”དངོས་འབྲེལ་ཐུབ་པར་བྱེད་དགོས། གཉིས་ནས་བདེ་འཇགས་ལྡན་པའི་འགག་སྒོ་སྟོབས་ཆེན་བསྐྲུན་ནས་ལྟ་འདོམས་འགོག་ཟོན་བྱེད་ཤུགས་རྒྱུན་སྲིང་ལྷོད་མེད་ངང་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མུ་མཐུད་ལག་ལེན་མཐའ་གཅིག་ཏུ་བསྟར་བ། འབྲེལ་ཡོད་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་གཙོ་གནད་དམིགས་པ། རྒྱལ་མཚམས་སྒྲོལ་བའི་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ལྟ་འདོམས་དང་ཞིབ་བཤེར་འཛིན་བཟུང་ལ་དམ་འཛིན་ནན་པོ་བྱེད་པ། འགག་སྒོའི“འགོག་སྲུང་གྱང”དང“འཚག་དྲའི”ནུས་པ་ཏན་ཏིག་འདོན་པ་བཅས་བྱས་ཏེ། རྒྱལ་སྒོའི་བདེ་འཇགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། གསུམ་ནས་འཕེལ་རྒྱས་ཀྱི་འགག་སྒོ་སྟོབས་ཆེན་བསྐྲུན་ནས་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པར་དམིགས་པ། སྐྱིད་གྲོང་དང་། སྤུ་ཧྲེང། འགྲམ། ལེགས་རྩེ་སོགས་ཀྱི་འགག་སྒོ་འཕེལ་རྒྱས་དང་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་སླར་གསོ་འཛུགས་སྐྲུན་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་ཚོད་ལྟ་ཁང་གི་སྤུས་ཚད་དོ་དམ་མ་ལག་མུ་མཐུད་སྐྲུན་པ་དང་། སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་འདོན་དང་ཚད་གཞི་བཟོ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ། “ལྗང་མདོག་བགྲོད་ལམ”གྱི་ཞབས་ཞུའི་ལམ་སྲོལ་ལེགས་སུ་གཏོང་བ། ལས་སྒོ་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས། བོད་ཀྱི་ཐོན་རྫས་དེ་བས་མང་བ་ཕྱི་རྒྱལ་དང་འཛམ་གླིང་གི་ཁྲོམ་རར་འདོན་ཐུབ་པར་བྱེད་དགོས། བཞི་ནས་སྒྱུར་བཅོས་ཀྱི་འགག་སྒོ་སྟོབས་ཆེན་བསྐྲུན་ནས་ཞབས་ཞུའི་ཆུ་ཚད་རྒྱུན་སྲིང་ལྷོད་མེད་ངང་མཐོ་རུ་གཏོང་བ་དང་། “ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པར”དམིགས་པ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་མགྱོགས་སུ་གཏོང་བ། ཚོང་ཟོག་ཤར་བགྲོད་དང་མི་ཤར་གཏོང་ཐུབ་པ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས། ལྔ་ནས་སྤྱོད་ཚུལ་སྟོབས་ཆེན་གྱི་འགག་སྒོ་བསྐྲུན་ནས་དཔའ་ངར་ཆེ་བའི་དཔུང་ཁག་རྒྱུན་སྲིང་ལྷོད་མེད་ངང་འཛུགས་སྐྱོང་བྱེད་པ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་རྒྱལ་སྒོ་སྲུང་མཁན་ཡག་པོ་བྱེད་དགོས།