དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྡོད་ཁང་འཛུགས་སྐྲུན་དང་དཔལ་འབྱོར་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་ཕེབས་ནས་ང་ཡུལ་དངོས་སུ་བརྟག་ཞིབ་གནང་ཞིང་། འབྲེལ་ཡོད་ཁྲུའུ་དང་ཁང་དང་ཁེ་ལས་ཁག་གི་འཐབ་ཕྱོགས་དང་པོར་འཚམས་འདྲི་དང་རྟོག་ཞིབ་གནང་ནས་གཙོ་གནད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་གཏོང་དང་སྐུལ་འདེད་ཀྱང་བཏང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་སྡོད་ཁང་འཛུགས་སྐྲུན་དང་དཔལ་འབྱོར་ཆ་འཕྲིན་ཅན་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་ཤིང་། སྙིང་རུས་གཏན་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཐོག་སྔར་བས་བརྟན་པའི་གདེང་ཚོད་དང་ཆོད་སེམས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་འཆར་གཞི་འགོད་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ལ་སྤུས་ཀ་སྔར་བས་ལེགས་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་འགན་ལེན་ནུས་ལྡན་བྱེད་དགོས། ཐོན་སྐྱེད་ཁེ་ལས་ཁག་གིས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་བཙུགས་ཐོག་ལྗོངས་ཕྱི་ནང་གི་ཁྲོམ་རར་དམིགས་ནས། ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེར་གཏོང་དང་ཚན་རིག་དང་མཐུན་པའི་གཉེར་སྐྱོང་དོ་དམ་བྱས་ནས་གཉིས་ཁེ་མང་ཁེ་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།

    ཀརྨ་ཚེ་བརྟན་གྱིས་བླང་བྱ་བཏོན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་བླང་བྱ་ཁག་དོན་འཁྱོལ་ནན་ཏན་དང་དམངས་འཚོའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་རྣམ་གྲངས་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་སོགས་ལས་དོན་ཧུར་ཐག་བསྒྲུབས་ནས་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དངོས་འབྲེལ་ཟབ་ཏུ་གཏོང་དགོས། སྔར་ཡོད་ཐོན་ལས་ཀྱི་རྨང་གཞིའི་ཐོག ཁྲོམ་ར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་འཛིན་ནུས་སྐྱེད་དང་སྲིད་ཇུས་འདེད་སྐུལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། ཚན་རྩལ་གསར་གཏོད་དེ་ཐོན་ལས་ཕན་འབྲས་ལ་དངོས་འབྲེལ་སྒྱུར་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ལེགས་སུ་གཏོང་བ། ལས་དོན་ཞབས་ཞུའི་སྤུས་ནུས་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཤུགས་ཆེར་གཏོང་བ། ཚོང་འགུགས་མ་འདྲེན་དང་དེ་བཞིན་དོན་འཁྱོལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ངོ་ཡོད་ལས་འབོར་དེ་བས་མང་པོ་ཧུར་ཐག་ཆགས་པར་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཐོག་ལེགས་འཕེལ་ཡོད་པའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།