ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཟླ་6ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་སེང་གསན་བཞིན་པ།
ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཡུང་ཆི་དང་། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ལང་ཧྥུའུ་ཁོན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་སྔ་རྗེས་སུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནུས་རྒྱུ་ཅུས། མ་འཇོག་སྐུལ་སྤེལ་ཅུས་བཅས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་བ་རེད།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་སེང་གསན་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། བྱེད་ཐབས་གསར་པ་བཅས་ལ་བརྟེན་ཏེ། སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་འདོན་སྤེལ་གང་ལེགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་གཏིང་ཟབ་ཀྱིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱར་སྐུལ་འདེད་གཏོང་བ་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱས་ནས། སྲིད་ཇུས་ཀྱི་བླང་བྱ་དང་རང་འགུལ་ངང་བསྡུར་བ་དང་། བྱེད་ཐབས་དོན་འཁྱོལ་ལ་འཆར་འགོད་ནན་ཏན་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་འདྲེས་པ་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་དམ་འཛིན་བྱེད་པ་དང་། ཕན་ཡོད་ཀྱི་མ་འཇོག་རིགས་རྒྱ་ཆེར་གཏོང་བ། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ན་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས”ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་བྱེད་པ། དངོས་ཚན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། རྣམ་གྲངས་གལ་ཆེན་བཀོད་གཏོང་དང་འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ་བྱེད་པ། ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ། ལས་ཆོད་ཆེ་རུ་གཏོང་བ། ངོ་ཡོད་ལས་འབོར་དེ་བས་མང་བ་ཧུར་ཐག་ཆགས་པ་བཅས་བྱས་ཏེ། མིག་སྔར་དཔལ་འབྱོར་ལ་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་སྐུལ་སྤེལ་བྱེད་པ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཚན་རིག་དང་མཐུན་པའི་ལས་ཀའི་བྱ་ཐབས་དང་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ནས་སྲིད་ཇུས་ཀྱི་གནད་ལ་འཁེལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་པ། ཀུན་སྤྱོད་མཁའ་འགྲུལ་དང་ནུས་རྒྱུ་གཙང་མ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་དགོས། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་དང་སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་དང་། ཐོན་ལས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན། གླིང་ཁུལ་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན། བོད་སྐྱོར་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་བཅས་བྱས་ནས། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་སྐྱེད་སྲིང་དང་། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩའི་མི་ཚོགས་དང་། འགག་རྩའི་ཐོན་རྫས། འགག་རྩའི་ཁྲོམ་ར་བཅས་ལ་དམ་འཛིན་བྱེད་པ། འཛད་སྤྱོད་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། དགེ་མཚན་ལྡན་པའི་བྱ་ཐབས་ནུས་ལྡན་སྤྱད་དེ་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བ་དང་། བོད་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ནང་ཁུལ་དང་སྦྲེལ་མཐུད་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤྱིའི་བཀོད་སྒྲིག་ནང་རང་རྟོགས་ངང་འཇུག་པ། རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། སྒོ་དབྱེའི་ལས་སྟེགས་དེ་བས་མང་བ་བསྐྲུན་པ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གིས་བོད་ལ་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་པ་བསྐྱོད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་གྱི་བྱ་བ་ཆུང་ངུ་དག་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་བྱས་ནས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”རྒྱ་སྐྱེད་གཏིང་ཟབ་གཏོང་བར་སྐུལ་འདེད་བཏང་སྟེ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། དམངས་འཚོའི་མཐའ་ཚད་ལ་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མཉམ་སྤྱོད་ཐུབ་པར་བྱེད་དགོས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གཏོད་པའི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས། ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་རྣམ་གྲངས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ནས་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་མི་འདེམས་མི་སྤྱོད་ཀྱི་ཡང་དག་ཁྲིད་སྟོན་བརྟན་པོ་བཟོས་ཏེ། ཆོས་ཉིད་ལ་བརྩི་སྲུང་དང་རྒྱུན་སྲོལ་ལས་བརྒལ་བ་དང་། གསོ་སྐྱོང་བཀོལ་སྤྱོད་དང་སློབ་གསོ་དོ་དམ། སེམས་ཁུར་གཅེས་སྐྱོང་དང་ལག་ལེན་སྦྱོང་བརྡར་བཅས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ཕུལ་བྱུང་ཤེས་ལྡན་པ་རྣམས་ལས་བྱེད་པའི་དཔུང་ཁག་ཁྲོད་འབུར་དུ་ཐོན་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱེད་པ་དང་། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མུ་མཐུད་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། རང་འགུལ་ངང་གནད་དོན་ཤེས་རྟོགས་དང་གཟབ་ནན་དང་ཞིབ་ཚགས་ཀྱི་སྤྱོད་ཚུལ་ཐོག་ནས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་གནད་དོན་ཐག་གཅོད་དང་ལེགས་ཐོག་ལེགས་འཚོལ་གྱི་རྣམ་འགྱུར་ཐོག་ནས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ། རང་འགུལ་ངང་འབྲེལ་གཏུག་མཐུན་སྦྱོར་དང་ལས་ཆོད་ཆེ་ལ་མགྱོགས་པའི་འཁོར་སྐྱོད་ལ་བརྟེན་ནས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཇོན་ཐང་མི་འདང་བའི་དངངས་འཚབ་ཀྱི་འདུ་ཤེས་ཡོད་པ་བྱས་ཏེ་ཤེས་བྱ་གསར་པ་སློབ་སྦྱོང་དང་འཇོན་ཐང་གསར་པ་ཁོང་དུ་ཆུད་པའི་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སློབ་སྦྱོང་དང་། དཔལ་འབྱོར་བཀོལ་སྤྱོད། དཔལ་འབྱོར་ལ་དམ་འཛིན་བཅས་བྱེད་མཁས་པོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐབས་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་མཁན་བྱང་ཆུབ་པ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས།