ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལ་བརྟག་ཞིབ་གནང་བ།
ཟླ་6ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་ཅུས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་གནང་བའི་གནས་ཚུལ་ཡིན་པ།
ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལ་བརྟག་ཞིབ་གནང་ནས། བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་ཅུས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་གྱི་དགོངས་དོན་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བཅས་བྱས་ཏེ། ཕྱོགས་བསྡུས་རོགས་སྐྱོབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་བ་ཚེ་རིང་ལྷན་དུ་ཕེབས་ཡོད་པ་རེད།
ཝང་ཅུན་ཀྲེང་སྔ་རྗེས་སུ་རུ་ཁག་གི་ལོ་རྒྱུས་ཁང་དང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། མེ་གསོད་འཕྲལ་སྡོམ་བཀོད་འདོམས།“རིག་ལྡན་མེ་གསོད”འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། མེ་གསོད་རོགས་སྐྱོབ་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁོང་གིས། དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ཀྱི་སར་འབད་འཐབ། ཉེན་སྐྱོབ་གེགས་སེལ་གྱི་ལས་འགན་ལྕི་པོ་མང་པོ་བདེ་བླག་ངང་ལེགས་གྲུབ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་སྐབས། མེ་གསོད་རོགས་སྐྱོབ་དཔུང་ཁག་ནི་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི“གཙོ་ཤུགས་དམག”ཅིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་དམ་ལ་ནན་པ། སྲོག་ཉེན་ལའང་མི་འཛེམ་པ། བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པ་བཅས་ཀྱི་སྤྱིའི་བླང་བྱ་བློ་ལ་བརྟན་པོར་ངེས་པ་དང་། བླ་སྲོག་བཏོད་པ། ལག་ལེན་དུ་འཁྱོལ་བ་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བཅངས་ནས་མེ་གསོད་རོགས་སྐྱོབ་ལས་དོན་དེ་རང་རྟོགས་ངང་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་འཆར་འགོད་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། མཉམ་འགོག་མཉམ་སྡོམ། མཉམ་འགོག་མཉམ་བཅོས་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“དོན་ཆེན་བཞི”དོན་འཁྱོལ་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་རིང་བྱས་རྗེས་སྔར་བས་ཆེ་བ་འཇོག་རྒྱུར་འབད་བརྩོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་མེ་གསོད་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་གསོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཧུར་ཐག་བྱེད་དགོས། ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“གནོད་འཚེའི་རིགས་ཡོངས་རྫོགས་དང་འཕྲལ་སྡོམ་ཆེན་པོའི”རོགས་སྐྱོབ་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཚན་རྩལ་གྱི་འདེགས་སྐྱོར་ཏན་ཏིག་བྱེད་པ། ཉེན་ཁ་སྔོན་དཔག་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་ཞིང་ལས་ཕྱོད་ཆེ་བ་དང་ཆེད་ལས་གནད་སྨིན་གྱི་ཉམས་སད་ཐེག་ཐུབ་པའི་ནུས་རྩལ་འཇགས་པ་བཅས་བྱས་ནས། འགག་རྩའི་དུས་སུ“དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ”བཅས་ཀྱི་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྒྲིག་ཁྲིམས་ལྡན་པའི་དཔུང་སྡེའི་རང་མདངས་ནམ་ཡང་མི་ཉམས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དཔུང་ཁག་ནན་པོས་སྐྱོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ། སློབ་གསོ་ནན་པོ་དང་། སྦྱོང་བརྡར་ནན་པོ། དོ་དམ་ནན་པོ། བླང་བྱ་ནན་པོ་བཅས་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྒྲིག་ཁྲིམས་དམ་པོར་བརྟེན་ནས་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། རིམ་ཁག་ཏང་ཨུད་དང་འབྲེལ་ཡོད་སྡེ་ཚན་ལ་མེ་གསོད་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་ལྟ་སྐྱོང་གཟིགས་སྐྱོང་གི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་མེ་གསོད་རོགས་སྐྱོབ་པར་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་ཞིག་གཏོད་དགོས་པ་དང་། མེ་གསོད་རོགས་སྐྱོབ་ཀྱི་དཔེ་མཚོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ལས་རིགས་ཀྱི་གཟི་བརྗིད་ཚོར་སྣང་དང་སྤྱི་ཚོགས་ཀྱི་བརྩི་བཀུར་ཐོབ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།