དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-20

    ཚེས་17ཉིན། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

    ཚེས་17ཉིན། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་17ཉིན། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་ཉེན་བརྡའི་སློབ་གསོ་ཏན་ཏིག་སྤེལ་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོ་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ལེན་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་དུ་བརྩིས་ཁར། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྒྲིག་འགལ་གྱི་དཔེ་མཚོན་རང་བཞིན་གྱི་གྱོད་དཔེ་དྲངས་ནས་ཉེན་བརྡའི་སློབ་གསོ་གཏོང་བ་དང་། ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་སྲིང་ལྷོད་མེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་བསྡུར་ནས་རང་སྐྱོན་རང་ཞིབ་ནན་པོ་བྱེད་དགོས་ཤིང་། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་ལས་ཀའི་ཁྲོད་ནས་བསླབ་བྱ་བླངས་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་གཅུན་རང་འདོམས་ལ་ཤུགས་སྣོན་རྒྱག་པ། ནད་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས“མིག་དཔེ་དྲུག”སྣེ་ཁྲིད་ནས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ། ཏང་ལ་ལྷག་བསམ་རྣམ་དག་གི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “དོན་ཆེན་བཞི”དོན་འཁྱོལ་བྱེད་པར་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན། དགོངས་སྐོར་སྙན་སེང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ཁོར་ཡུག་ཡག་པོ་ཧུར་ཐག་སྐྲུན་དགོས། སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ། ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ་དང་། འཇིགས་བཀུར་ཤེས་པ། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱས་ནས་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དོན་དངོས་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ཏེ་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ཏེ་ལས་འགན་ཁག་སྤུས་ཚད་མཐོན་པོས་ལེགས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས། རང་རྟོགས་ངང་རང་གཅུན་གཟབ་ནན་དང་རང་ཚོད་ཟིན་པ་དང་། སྤྱོད་བཟང་རྟོགས་པ་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་དུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས་དང་། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁྲི་ཁུར་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་བརྡའི་སློབ་གསོའི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། སྔ་ཙམ་དང་ཆུང་ས་ནས་དམ་འཛིན་གྱིས་མ་བྱུང་སྔོན་འགོག་བྱེད་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་རྒྱུར་རྒྱུན་དུ་ནས་དམ་འཛིན་དང་རྟག་ཏུ་ནན་པོ་བཅས་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཆད་གཅོད་དང་ཆད་གཅོད་བསླབ་འདོམས་ལ་དམ་འཛིན་ཡག་པོ་བྱས་ཏེ། སྒྲིག་ཁྲིམས་ཀྱི་བཙན་ཐབས་འཆུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ། དཔེ་མཚོན་གྱོད་དཔེ་ཡི་ནུས་པ་འདོན་པ། གོ་བ་ཡང་དག་ལོན་པ་དང་བསླབས་སྡོམ་དཔེ་སྟོན་བཅས་བྱས་ནས་གྱོད་དཔེ་གཅིག་རྩད་བཅད་པ་ལས་ཁག་གཅིག་ལ་ཉེན་བརྡ་གཏོང་བ་དང་ཡུག་གཅིག་ལ་སློབ་གསོ་ཐེབས་པར་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཆེ་རུ་བཏང་སྟེ་གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད། གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཅས་གཏིང་ཟབ་གཏོང་བ་དང་། ཟུར་བསྟན་ལེབ་མཐོང་ཐུབ་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ། དབང་ཆ་འཁོར་རྒྱུག་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།