ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ།
ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་སྒྲིག་ཁྲིམས་དམ་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། རེན་ཝེ་དང་། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་སྤྱད་ནས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།
ཏང་གི་སྒྲིག་ཡིག་ལ་གོ་བ་གཏིང་ཟབ་ལེན་པ་ནི་དུས་རབས་གསར་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་ཞིང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ལམ་བཅས་ལ་བརྟེན་ནས་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་བརྟན་སྲུང་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ལྟེ་བའི་དོན་སྙིང་ཡིན་པ་གོ་བ་གཏིང་ཟབ་བླངས་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་ཡོང་བར་སྐུལ་ཁྲིད་བྱེད་རྒྱུ་ནི་དུས་རབས་གསར་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ཡིན་པ་གོ་བ་གཏིང་ཟབ་བླངས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཏང་ནང་གི་སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་དམ་དུ་གཏོང་བའི་རླུང་ཙེ་ནི་དུས་རབས་གསར་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ལམ་ལུགས་ཀྱི་འགན་སྲུང་ཡིན་པ་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་འཛུགས་ཐུབ་པ་དང་དངོས་འབྲེལ་ནན་པོ་ཡོང་བར་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང“ཐབས་རྣམ་བཞི”གཏིང་ཟབ་སྤྱད་དེ་སྒྲིག་ཁྲིམས་ཀྱི་བཙན་ཐབས་དང་གཟབ་ནན་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚན་རིག་དང་མཐུན་པའི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་གང་ཐུབ་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། གནད་དོན་གལ་ཆེན་གྱི་དགོངས་སྐོར་སྙན་སེང་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ“གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་གོང་གིས་འོག་གི་སྣེ་ཁྲིད་པ་དང་། མང་པོའི་སྣེ་ཁྲིད་པ། ལས་མི་ཡོངས་ལ་ཁྲིད་སྟོན། མི་སེམས་གཅིག་སྒྲིལ་བཅས་བྱས་ཏེ། “རང་རྟོགས་ཀྱི་སྒྲིག་ཁྲིམས”གསོ་སྐྱོང་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། ཉེན་བརྡའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་གྱོད་དོན་ཐག་གཅོད་བྱས་འབྲས་སྤྱོད་པར་ཤུགས་སྣོན་རྒྱག་པ། ཏང་ཡོན་ལས་བྱེད་པས་གྱོད་དོན་དཔྱད་གཞིར་འཛིན་པ་དང་གྱོད་དོན་ལ་བརྟེན་ནས་དག་ཐེར་ལ་ཁྲིད་སྟོན་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། “དབྱེ་བ་འབྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཟབ་མི་ཆད་པར་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།