ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་བ།
ལིའུ་ཅང་ཞུགས་པ།
ཟླ་6ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་ཝང་ཅུན་ཀྲེང་གིས་སྒོ་ཁྲལ་མེད་པའི་ཟོག་འགྲེམས་དང་། ཁེ་ལས་གཞིས་ཆགས་ཚུལ། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་6ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གནས་གནང་དགོན་དུ་རིག་དངོས་གནའ་དཔེ་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།
ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལྕགས་རྭ་བློ་བཟང་བསྟན་འཛིན། བསྟན་པ་བཅས་ཞུགས་ཡོད་པ་རེད།
ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་ཝང་ཅུན་ཀྲེང་གིས་སྒོ་ཁྲལ་མེད་པའི་ཟོག་འགྲེམས་དང་། ཁེ་ལས་གཞིས་ཆགས་ཚུལ། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྟེགས་རྒྱ་ཆེར་གཏོང་བ། སྒོ་དབྱེའི་བགྲོད་ལམ་ཤར་གཏོང་། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད། ཁེ་ལས་དེ་བས་མང་བ་སྒོ་ཁྲལ་མེད་ཁུལ་དུ་གཞིས་ཆགས་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། བོད་ཀྱི་ལེགས་ལྡན་ཐོན་རྫས“ཕྱིར་གཏོང”བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་དཔལ་འབྱོར་འཕར་གཞི་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད། བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་རང་ངོས་ཀྱི་ལས་དོན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ། “དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་ཁྲོད་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་ཏན་ཏིག་འདོན་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་མུ་མཐུད་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་པ། གཞི་རིམ་བཅོས་སྐྱོང་གི་བྱེད་ཐབས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གཙོ་གནད་གཞི་རིམ་དུ་ཕྱོགས་སྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་ལག་བསྟར་བྱེད་པ། སྔོ་འགྱུར་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བྱ་བ་མང་ཙམ་སྒྲུབ་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་སྔ་རྗེས་སུ་མཚུར་ཕུ་དགོན་དང་གནས་གནང་དགོན་དུ་ཕེབས་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་དང་རིག་དངོས་གནའ་གཞུང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས། རྒྱ་ཆེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་འབྲེལ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་མ་ཟད། སློབ་གསོའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་དང་། སློབ་གསོའི་སྟེགས་བུ་རྒྱ་ཆེར་གཏོང་བ། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། དགེ་འདུན་པ་ཚོས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་། དང་ལེན་བྱེད་བདེ་བ་དང་ཞུགས་བདེ་བའི་བྱེད་ཐབས་སྤྱད་དེ་རྒྱ་ཆེའི་དགེ་འདུན་པ་ཚོར་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིག་དངོས་དང་གནའ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ཀྱི་ལས་དོན་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་འགན་ལེན་བྱེད་དགོས། དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་པར་ཤུགས་སྣོན་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ཀྱི་ལས་དོན་ལ་རྒྱུས་མངའ་ཆེ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེའི་དགེ་འདུན་པའི་སློབ་གསོ་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་དགེ་འདུན་པའི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་དགེ་འདུན་པ་ཚོས་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།