དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་2024ལོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་2024ལོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ། བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་བདེའི་ལས་དོན་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲང་ཧུང་པོ་དང་། ཚེ་བརྟན། ཞ་ཁེ་ཆིན། ངག་དབང་། ལི་ཀོང་ཆོན་བཅས་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས། ད་ཐེངས་ཀྱི་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུ་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་སྤྱི་བདེའི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་བཀའ་རྒྱ་དང་སྤྱིའི་རྩ་འཛིན་རེད། ཚོགས་འདུ་མ་འཚོག་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཚོགས་འདུའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་ལས། གངས་ལྗོངས་ས་མཐོའི་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པར་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་ནས་རྒྱང་ལམ་གསར་པར་སྲུང་སྐྱོང་བྱེད་པའི་ཁོང་ཚོའི་ཆོད་སེམས་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་སོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བཀའ་དྲིན་ཡིད་ལ་འཆང་བཞིན་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་ལྷག་བསམ་རྣམ་དག་གིས་ལས་འགན་བསྒྲུབས་ནས་བྱས་རྗེས་གསར་པ་འཇོག་དགོས་པ་དང་། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། “གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་གསར་བརྗེའི་རྒྱལ་སྲིད་ལྷག་བསམ་རྣམ་དག་གིས་སྐྱོང་དགོས་པ། སྤྱི་བདེའི་བྱ་གཞག་གོང་དུ་སྤེལ་བའི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། 《སྤྱི་བདེའི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྲིམས་སྒྱུར་ལས་སྒྲུབ་ཀྱི་སྒུལ་ནུས་གསར་པ་དང་། མ་དཔེ་གསར་པ། བྱེད་ཐབས་གསར་པ་བཅས་གསར་གཏོད་ཧུར་ཐག་བྱེད་དགོས་པ། སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་འགན་ནུས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག་ཧུར་ཐག་བྱེད་དགོས་པ། སྤྱི་བདེའི་འཐབ་འཛིང་ནུས་ཤུགས་གསར་མ་མགྱོགས་མྱུར་གསོ་སྐྱོང་བྱས་ནས་དུས་རབས་ཀྱི་ཁྱད་ཆོས་མཚོན་པ་དང་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བླང་བྱ་དང་མཐུན་པའི་ཉེན་རྟོག་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་བདེའི་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དང་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། ཉེན་རྟོག་ཤེས་ལྡན་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱས་ནས་སྤྱི་བདེའི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།