ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོང་འགུགས་མ་འདྲེན་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། མིག་སྔའི་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ཚོང་འགུགས་མ་འདྲེན་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ཚོང་འགུགས་མ་འདྲེན་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་རྩ་དོན་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་གཞི་ཚུགས་པ། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པ། ཁ་ཕྱོགས་གཙོ་བོ་གསལ་སྟོན་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རྣམ་གྲངས་དོན་གཉེར་བྱེད་པ་དང་། རང་འགུལ་ངང་ཚོང་འགུགས་ལ་དམ་འཛིན་ཧུར་ཐག་བྱེད་པ། ནུས་ཤུགས་ཡོད་རྒུས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གསལ་བཏོན་གནང་བའི“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ། ཐབས་ཇུས་དམངས་ལ་འདྲི་བ། མཁོ་དགོས་ཁེ་ལས་ལ་འདྲི་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་ཆགས་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་དང་ཚོང་འགུགས་བྱེད་དགོས་རིགས་ཚང་མ་ཚོང་འགུགས་མཐའ་འཁྱོངས་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ། རྣམ་གྲངས་དང་། ཁོར་ཡུག ཐོན་ཁུངས་བཅས་དང་འཚམ་པར་བསམ་གཞིག་གང་ལེགས་བྱེད་པ། བོད་ལ་འཚམ་པའི་ཐོན་ལས་དང་ཁེ་ལས་ནང་འདྲེན་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་དགོས། ཡུལ་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་བརྩི་བ། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ཁྱོན་ཡིན་པ་བཅས་མཐའ་འཁྱོངས་བྱེད་པ། ཐོན་ལས་འཁོར་འབྲེལ་གྱི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ། རྣམ་གྲངས་ཀྱི་དུས་འགོའི་འཆར་གཞི་ཡག་པོ་འགོད་པ། ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ཚོང་འགུགས་དང་ཆེད་ལས་ཅན་ལ་བརྟེན་ནས་ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ། གནད་སྨིན་ཇུས་བསྟར་མངོན་གསལ་དོད་པོ་ཡོང་བ། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། ལེགས་ཆ་གསབ་རེས་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་ཆ་ཚང་བའི་སྒོ་ནས་གོ་བ་ལེན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་དགོས་པ་མ་ཟད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཡག་པོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་སྤྱོད་པ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་རང་འགུལ་ངང་སྲིད་ཇུས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་བ་དང་། དོན་འཁྱོལ་བྱེད་ཐབས་ཇུས་འགོད་ནན་ཏན་བྱེད་པ། བོད་ལྗོངས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་ཆ་འདོན་སྤེལ་བྱེད་དགོས། ལྗོངས་ཡོངས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་འཛུགས་དགོས་ཤིང་། དེ་རིང་གི་རྣམ་གྲངས་ནི་འབྱུང་འགྱུར་གྱི་ཐོན་ལས་ཡིན་པ་དང་དེ་རིང་གི་མ་འཇོག་གྲུབ་ཆ་ནི་འབྱུང་འགྱུར་གྱི་ཐོན་ལས་གྲུབ་ཆ་ཡིན་པས། འདུ་ཤེས་རྒྱུན་ཆད་མེད་པར་གསར་བརྗེ་དང་། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཁུལ་གནས་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ཏེ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་དགོས་ཤིང་། ཕན་ནུས་ལྡན་པའི་མ་འཇོག་ལ་བརྟེན་ནས་ཕན་ནུས་ལྡན་པའི་མཁོ་སྤྲོད་གྲུབ་པར་བྱེད་པ་དང་། ཕན་ནུས་ལྡན་པའི་དགོས་མཁོ་འདོན་སྤེལ་གྱིས་དཔལ་འབྱོར་འཕར་བར་བྱས་ནས་མིག་སྔའི་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། ལས་སྟེགས་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། རང་ངོས་ཀྱི་ཐོན་ལས་ཐོན་ཁུངས་དང་ཁྲོམ་རའི་ལེགས་ཆར་གཞི་ཚུགས་པ། གླིང་ཁུལ་གྱི་ཐོན་ལས་གཅིག་སྡུད་ལས་སྟེགས་དང་སྐྱོང་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ། རྣམ་གྲངས་གླིང་ཁུལ་དུ་གཅིག་སྡུད་དང་ཐོན་ལས་གླིང་ཁུལ་དུ་གཅིག་སྡུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་མཐའ་འཁྱོངས་བྱེད་པ། སྡེ་ཚན་ཁག་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་དོན་གྱི་ཁོར་ཡུག་དང་། ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་གི་ཁོར་ཡུག མི་ཆོས་རིག་གནས་ཀྱི་ཁོར་ཡུག་བཅས་མུ་མཐུད་ལེགས་སུ་གཏོང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཟབ་ཏུ་གཏོང་བ་དང་སྲིད་ཇུས་འདོན་ཤུགས་ཆེ་རུ་གཏོང་བ། དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྦྱོར་ལག་བསྟར་གྱི་ནུས་པ་ཆེ་རུ་གཏོང་དགོས། ཐོན་ཁུངས་ཀྱི་གཙོ་རྒྱུ་སྤྱི་འདོམས་བྱེད་པ་དང་། ས་ཞིང་དང་། མ་དངུལ། ཤེས་ལྡན་པ་སོགས་ཀྱི་གཙོ་རྒྱུ་དག་རྣམ་གྲངས་ཀྱི་རྗེས་སུ་འབྲང་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་རྒྱུ་སྣ་ཚོགས་ལུགས་མཐུན་ངང་འཁོར་རྒྱུག་དང་ནུས་ཆེའི་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཚོང་འགུགས་མ་འདྲེན་ལས་དོན་གྱི་རིམ་པ་མཐོ་རུ་གཏོང་བ་དང་། ཚད་བརྒལ་དོན་གཉེར། ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་ཀའི་འདུ་ཤེས་གསར་གཏོད་བྱེད་པ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ། བོད་ཀྱི་དོན་དངོས་དང་མཐུན་པའི་བོད་སྐྱོར་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ། གནས་དང་ཁྱོན་ཟུང་འབྲེལ། མ་ལག་དང་ལས་རིགས་ཟུང་འབྲེལ་སོགས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་ལ་ཞིབ་འཇུག་བྱས་པ་རེད།