ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་བཅས་པ་དང་བཞུགས་མོལ་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གི་ཁོངས་མི་ཝང་ཀྲི་མིན་དང་ཝང་ཧུང་ཞང་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། བསྟན་ཁོ། རྒྱལ་མཚན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཀྲི་ཐའོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། ཁོང་སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་ཞིབ་ཕྲ་ཅན་དང་གཞི་རྟེན་ཅན་དུ་འགྱུར་བ་བྱས་ནས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་པ་དང་འབྲེལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ“འཛུགས་གཏོད་བཞིའི”ལས་འགན་ཨང་དང་པོར་བརྩིས་ནས་བཀོད་སྒྲིག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ཤིང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། བསམ་བློའི་ངོས་འཛིན་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། གནད་དོན་ཐད་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ད་ལྟའི་དུས་མཚམས་ཀྱི་རང་རྒྱལ་གྱི་མི་རིགས་གནད་དོན་གྱི་ཁྱད་ཆོས་དང་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་གྱི་གོ་ཆོད་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་ཐད་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ལས་དོན་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
བློ་བཟང་རྒྱལ་མཚན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་ཁྲོད་བོད་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་ཁུར་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོད་གཏམ་གྱི་བདེན་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། རིགས་པའི་གཞུང་ལུགས་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱེད་པའི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་འདིར་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་བློ་དང་། ཁྲིམས་སྐྱོང་གི་བྱེད་སྟངས། ཁྲིམས་སྐྱོང་གི་སྟོབས་ཤུགས་བཅས་ལ་བརྟེན་ནས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཏང་དར་འོག་མཐུན་སྒྲིལ་དང་གཅིག་སྒྲིལ་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་དང་། ལག་ལེན་གྱི་གཞི་རྟེན་གསར་གཏོད་དང་བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ནས་གཞི་རིམ་དུ་དམ་འཛིན་ཏན་ཏིག་དང་གཞི་རིམ་དུ་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་རྣམ་པ་ཟབ་མོ་ཆགས་པ་དང་། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་ཡོང་བར་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།
བོད་དུ་བཞུགས་རིང་བརྟག་ཞིབ་ཚོགས་ཆུང་གིས་ད་དུང་ཆབ་མདོ་དང་། ནག་ཆུ། གཞིས་རྩེ། ལྷ་ས་སོགས་སུ་ཕེབས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཉམས་མྱོང་ཕྱོགས་སྡོམ་དང་གསེད་བཀྲོལ་བྱས་ཏེ་དཔྱད་གཞི་དང་ལད་མོ་བྱེད་རིན་ཡོད་པའི་ས་མཐོའི་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི“བོད་ཀྱི་ཇུས་གཞི”གཏོད་དགོས་པའི་ནན་བཤད་གནང་བ་རེད།