དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-06

     ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བློ་བརྟན་འགྱུར་མེད་ངང་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། ཤའོ་ཡིའུ་ཚའེ། འཇམ་དཔལ་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    དོན་གྲུབ་དངུལ་རྩའི་གྲོང་ཁུལ་དང་། དོག་སྡེ་ལུང་ཤུར་གྱི་ཁུལ་དང་པོ། ལྷ་ཀླུ་འདམ་རའི་ཁུལ། བྱང་རིའི་སྐྱེ་ཁམས་ཉམས་གསོ་ཁུལ་བཅས་སུ་བློ་བཟང་རྒྱལ་མཚན་གྱིས་རི་རྩེར་འཛེགས་ནས་སྡོང་ཕྲུག་གི་སྐྱེ་འཚར་ལ་གཟིགས་པ་དང་གཡོག་བྱེད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ང་ཚོས་ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམངས་སེམས་འདུ་འགོད་དང་། ཕན་སྦྱར་འདུ་འགོད། བདེ་སྐྱིད་འདུ་འགོད། སྐྱེ་ཁམས་འདུ་འགོད་བཅས་ལ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

    རྣམ་གླིང་རྫོང་བརྒྱ་དར་ངལ་ལས་ཚད་ཡོད་འགན་འཁྲི་ཀུང་སིས་2022ལོ་ནས་བཟུང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ངལ་རྩོལ་ནུས་ཤུགས་5900ལྷག་ཙམ་བཏང་བས་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། དོག་སྡེ་ལུང་ཤུར་ལྷོ་ངོས་གྲོང་ཚོའི་ནགས་བཟོ་ཁུལ་དུ་བློ་བཟང་རྒྱལ་མཚན་གྱིས་ཀུང་སིའི་ཞིང་འབྲོག་པའི་ལས་མི་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་ནས་ཁོང་ཚོར་དཀའ་སྤྱད་ངལ་རྩོལ་དང་རྩལ་ནུས་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཡག་པོ་བྱས་ནས་མི་རིགས་ཁག་དང་མཉམ་དུ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཉམས་མྱོང་ཕྱོགས་སྡོམ་དང་གསེད་བཀྲོལ་ཡག་པོ་བྱས་ནས“གདན་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་དང་། རང་ཡུལ་གྱི་རིགས་གཅིག་མཁས་ཅན་དང་གཞན་ཡུལ་གྱི་རིགས་གཅིག་མཁས་ཅན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་ཕྱོགས་གསར་གཏོད་དང་བྱ་ཐབས་གསར་གཏོད་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཁྱད་ལྡན་ལམ་བུར་བསྐྱོད་པ་བཅས་བྱས་ཏེ་དཔྱད་གཞི་དང་ལད་ཟློས་བྱེད་རིན་ཡོད་པའི་ས་མཐོའི་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི“ལྷ་སའི་ཇུས་གཞི”བཟོ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།