རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ།
ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་4ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས།“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་།“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། མང་ཚོགས་ལ་ཕན་འདོགས་པ་དང་ཚོར་ཐུབ་པའི་བྱ་བ་དངོས་ཁག་གཅིག་བསྒྲུབ་རྒྱུར་དམ་འཛིན་ཡག་པོ་བྱེད་པ།“ཞིང་གསུམ”ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཁྲེན་ཡུང་ཆི་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་། བསྟན་པ་བཅས་ཚོགས་འདུར་ཞུགས་པ་དང་ཚེ་རིང་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། “ཞིང་གསུམ”ལས་དོན་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གྲུ་རྡོ”ལྟ་བུ་རེད། ཞིང་འབྲོག་ལས་འཕེལ་རྒྱས་བྱུང་བ་དང་། ཞིང་འབྲོག་ཁུལ་ལ་འགྱུར་ལྡོག་བྱུང་བ། ཞིང་འབྲོག་པར་ཡོང་འབབ་བཟང་བ་བཅས་ནི་བོད་ཀྱི་དམངས་འཚོ་ལེགས་སུ་ཕྱིན་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བའི་ཐད་ཀའི་མཚོན་ཚུལ་ཞིག་རེད། སྐུལ་སྤེལ་ལམ་སྲོལ་སྔར་བས་ལེགས་འགོད་བྱས་ཏེ་རང་སྐྱོང་ལྗོངས་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཞིང་ལས་དར་རྒྱས་གཏོང་རོགས་བྱེད་པའི་འགན་གཙང་ལེན་གྱི་ལས་ཀའི་ལམ་སྲོལ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚན་ཁག་གི་ཁོངས་མིས“གནས་ཀྱིས་གནས”ལ་དམིགས་ནས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་དཔེ་མཚོན་དཔེ་སྟོན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ། ཞིང་ལས་དང་འབྲེལ་བ་ཡོད་པའི་གྲངས་གཞིའི་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་དམ་འཛིན་གྱིས“གཟའ་འཁོར་རེར་བཀོད་གཏོང་རེ་དང་། ཟླ་རེར་སྙན་ཞུ་རེ། དུས་ཚིགས་རེར་བརྡ་ཁྱབ་རེ”བཅས་ལ་ཤུགས་སྣོན་བརྒྱབ་ནས། བྱ་བ་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། ལན་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། སྣེ་འདྲེན་ཁེ་ལས་སྔར་བས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་འདྲེན་བྱེད་པ། ཁྱིམ་ཚང་གི་ཞིང་འབྲོག་ར་དང་། འདེབས་འཛུགས་གསོ་སྤེལ་ཁུལ་ཆུང་། བར་ཁེ་བ། ཞིང་འབྲོག་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཐོན་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འགྱུར་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དང་རིགས་སྣའི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས། ལྷག་པར་དུ“སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པ”མཐའ་འཁྱོངས་བྱས་ནས་གངས་ལྗོངས་ས་མཐོའི་རང་བྱུང་དང་། ལྗང་མདོག སྐྱེ་ལྡན། སྤྱི་གནོད་མེད་པ་བཅས་ཀྱི་སྤུས་ཚད་ཀྱི་སྤུས་རྟགས་བེད་སྤྱོད་ཡག་པོ་བྱས་ཏེ། “གྲངས་འབོར་ཉུང་བ་དང་། སྤུས་ཚད་ལེགས་པ། རྩེར་སོན་པ། མངགས་ཐོའི་རྣམ་པ”བཅས་ཀྱི་ལམ་བུ་གསར་པ་ཞིག་མགྱོགས་མྱུར་གཏོད་དགོས། ས་ཁོངས་ཀྱི་ལེགས་ཆ་སྔར་བས་སྔོག་འདོན་བྱས་ཏེ་གནད་སྨིན་ཇུས་འདོན་མཐའ་འཁྱོངས་དང་། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། གདམ་ག་དང་ཁྱད་པར་ཡོད་པའི་སྒོ་ནས་ལེགས་ཆ་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྩ་བ་ནི་རྨོ་ཞིང་དང་རྩྭ་ཐང་དང་། སྲོག་རྩ་ནི་ཆུ་བེད། ཐབས་ལམ་ནི་ཚན་རྩལ། སྒུལ་ཤུགས་ནི་སྲིད་ཇུས་བཅས་ལ་ཐུག་ཡོད་པས། འགག་གནད་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ། “ཞིང་བརྟེན་འབྲུ་གསོག་དང་། རྩལ་བརྟེན་འབྲུ་གསོག དམངས་བརྟེན་འབྲུ་གསོག”བཅས་མཐའ་འཁྱོངས་ཀྱིས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་བསྲུངས་ནས་འགོ་འཛུགས་ས་མཐོན་པོའི་ཐོག“ཞིང་གསུམ”ལ་ཚད་བརྒལ་གསར་པ་ཡོང་བར་གཞོལ་དགོས། མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྔར་བས་སྐུལ་ཁྲིད་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ་དེ“ཞིང་གསུམ”ལས་དོན་གྱི་སྲོག་ཤིང་དུ་བརྩི་བ་དང་། རྒྱུན་མཐུད་ཆོག་པ་དང་སྣ་མང་ཅན་གྱི་འབབ་འཕར་ལ་དམིགས་ནས་ཐབས་ཤེས་མང་ཙམ་གཏོང་བ་དང་ཤུགས་མང་ཙམ་རྒྱག་པ། ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་ཧུར་ཐག་བསྒྱུར་བར་ཁྲིད་སྟོན་བྱས་ཏེ་ལས་ཞུགས་ལ་བརྟེན་ནས་འབབ་འཕར་དང་། རྩལ་ནུས་ལ་བརྟེན་ནས་འབབ་འཕར། ལས་གྲྭར་བརྟེན་ནས་འབབ་འཕར་བཅས་ཡོང་བར་བྱེད་དགོས། སྲིད་ཇུས་ལག་བསྟར་སྔར་བས་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས“ཞིང་གསུམ”སྦྱོང་བ་དང་། “ཞིང་གསུམ”ཤེས་པ། “ཞིང་གསུམ”ལ་དགའ་བ་བཅས་བྱས་ཏེ་རྒྱུན་གཏན་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་། དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ནས“ཞིང་གསུམ”ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།