སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། (སྨད་ཆ)
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།
བཞི། “ཞིང་གསུམ”ལས་དོན་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས།
བོད་དུ་རྒྱལ་ཁབ་ས་ཆ་90%ཡན་ནི་ཞིང་འབྲོག་ཁུལ་དང་མི་འབོར་གྱི་བཅུ་ཆ་བདུན་ཙམ་ནི་ཞིང་འབྲོག་པ་རེད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་གི་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཡོང་རེ་བྱེད་ཀྱི་ཡོད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཞིང་འབྲོག་ཁུལ་དར་རྒྱས་གཏོང་རྒྱུ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ། ཞིང་འབྲོག་པ་ཕྱུག་པོར་འགྱུར་རྒྱུ་བཅས་གཙོ་གནད་ལས་དོན་དུ་བརྩིས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
རོགས་སྐྱོར་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་དགོས། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་མི་འབོར་དང་། དབུལ་ལོག་མི་འབོར། མཐར་ལུས་མི་འབོར་བཅས་ལ་དུས་བཀག་ལྟར་ཞིབ་དཔྱད་དང་སྟབས་བསྟུན་དོ་དམ་བྱེད་པ། ཆ་རྐྱེན་དང་མཐུན་རིགས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ནང་དུས་ཐོག་ཏུ་བཅུག་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཇུས། སྔ་ཙམ་རོགས་སྐྱོར་བཅས་བྱས་ཏེ་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། “ཉིན་བརྒྱ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ་བྱེད་པ”དང་། སྲིད་ཇུས་དང་གྲོང་ཚོའི་གནས་ཚུལ་གྱི་ཆེད་དོན་གསོ་སྦྱོང་སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས། ཤང་དང་གྲོང་ཚོ་རིམ་པ་གཉིས་ལ་གཞོགས་འདེགས་བྱས་ཏེ་རོགས་སྐྱོར་ཇུས་གཞི་བཟོ་བ་དང་རོགས་སྐྱོར་བྱེད་ཐབས་གནད་ལ་འཁེལ་པོས་དོན་འཁྱོལ་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་ཕན་འབྲས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་ལ་བརྩིས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་བ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བར་བྱེད་དགོས།
ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས། ཞིང་ལས་འཚམ་སར་ཞིང་ལས་བྱེད་པ་དང་། འབྲོག་ལས་འཚམ་སར་འབྲོག་ལས་བྱེད་པ། ནགས་ལས་འཚམ་སར་ནགས་ལས་གཉེར་བ། ཡུལ་སྐོར་འཚམ་སར་ཡུལ་སྐོར་གཉེར་བ་བཅས་མཐའ་འཁྱོངས་བྱས་ཏེ། མངགས་གཏོང་ཚན་པའི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྨང་བརྟན་དམངས་ཕན་གྱི་ལས་ཀའི་གྲོན་དངུལ་བསྡུ་སྒྲིལ་དང་བེད་སྤྱོད་བྱེད་པ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱིས་འཆར་འགོད་བྱེད་པ་དང་རྣམ་གྲངས་གཏན་འཁེལ་ལ་རོགས་རམ་ཧུར་ཐག་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མཉམ་སྡེབ་དཔལ་འབྱོར་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྲུན་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་ལས་རིམ་སྤོར་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་། ལས་སྣོན་ཞིབ་ཚགས། ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་བཅས་འཕེལ་རྒྱས་གཏོང་བ་དང་། མ་བཅོས་རྒྱུ་ཆ་ཁོ་ན་འཚོང་བ་ནས་ཐོན་རྫས་འཚོང་བའི་བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ནས། ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། ན་གཞོན་ཚོའི་བསམ་བློ་གུ་ཡངས་པས་ལག་རྩལ་གསར་པ་དང་ལེན་མགྱོགས་པོ་ཡོད། དེས་ན་དམིགས་བསལ་གྱི་ཁྱད་ཡོན་དེ་འདོན་སྤེལ་ཡག་པོ་བྱས་ཏེ་དྲ་ཐོག་ཚོང་དོན་ལས་སྟེགས་དང་སྨྱན་སྦྱོར་གསར་པ་སྣ་ཚོགས་སྤྱད་དེ་མང་ཚོགས་ལ་རོགས་རམ་བྱས་ནས་ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཐད་གཏོང་དང་བརྙན་ཐུང་སོགས་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་མི་བཟང་ལས་བཟང་དང་། ཐོན་རྫས་ཡག་པོ། མཛེས་ལྗོངས་ཡག་པོ་ཁག་གཅིག་རྒྱུན་ཆད་མེད་པར་ཕྱི་ཕྱོགས་སུ་འོས་སྦྱོར་བྱེད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་མང་བའི་ཁྲོམ་ར་ཆེན་པོ་ཟུང་འབྲེལ་གང་ལེགས་བྱས་ནས་མང་ཚོགས་ལ་ཕན་འབྲས་སྔར་བས་མང་བ་ཐོན་པར་བྱེད་དགོས།
ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་བཀོད་པ་འཛུགས་སྐྲུན་ལ་དམ་འཛིན་བྱེད་དང་མི་བྱེད་གཏན་ནས་མི་འདྲ་སྟེ། དེ་ལས་ཚན་ཁག་གི་འཇོན་ཐང་དང་ཆུ་ཚད་མངོན་པ་མ་ཟད། གཞི་རིམ་གྱི་ལས་ཀའི་གྲུབ་འབྲས་ཆེ་ཆུང་གང་ཡོང་མིན་ཐག་ཆོད་ཀྱི་ཡོད། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཀྱི་བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། གྲུབ་འབྲས་རྒྱ་སྐྱེད་དང་ཚད་བཀག་མི་བཟོ་བ་བཅས་བྱས་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་དེ་བས་མང་བ་འཛུགས་སྐྲུན་བྱེད་དགོས། མང་ཚོགས་ཀྱིས་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་གསར་པར་བརྩི་མཐོང་བྱེད་པར་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། “མཛེས་པ་ལྔ་ལྡན་གྱི་སྒོ་ར”འཛུགས་སྐྲུན་བྱ་སྤྱོད་རྒྱ་ཁྱབ་སྤེལ་བ། གསང་སྤྱོད་གསར་བརྗེ་དང་། མི་ཕྱུགས་ལོགས་དབྱེ། གྲོང་ཚོའི་བཀོད་པ་བཅོས་སྒྲིག་སོགས་ཞིང་འབྲོག་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་གྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་གཞི་ཆེའི་སྲིད་ཇུས་དེ་བྱེ་བྲག་གི་བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་བར་བྱས་ཏེ་དམངས་ལ་ཕན་པ་དངོས་སྐྲུན་དགོས། མང་ཚོགས་སྒྲིག་འཛུགས་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བཟུང་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ་མང་ཚོགས་ལ་གྲོང་ཚོའི“འགྲམ་བཞིའི”ཁོར་ཡུག་སྔོ་འགྱུར་དང་སྒོ་ར་སྔོ་འགྱུར་མཛེས་བཟོ་བྱེད་པར་བསྔགས་སྐུལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ལྔ། དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་དགོས།
དམངས་འཚོའི་དོན་དངོས་ནི་ཏང་སེམས་དང་དམངས་སེམས་སྦྲེལ་བའི་ཟམ་པ་གལ་ཆེན་ཡིན། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་གྲོང་ཚོར་བཅའ་སྡོད་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དོན་ཆེན་དང་གལ་ཆེན་ལ་བརྩིས་ཏེ་དམ་འཛིན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་དགོས། ཏང་གི་རྨང་གཞི་མི་དམངས་ཀྱི་ཁྲོད་དུ་ཡོད་པ་དང་། ཁྲག་རྒྱུན་མི་དམངས་ཀྱི་ཁྲོད་དུ་ཡོད་པ། སྟོབས་ཤུགས་མི་དམངས་ཀྱི་ཁྲོད་དུ་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ནི་མི་དམངས་མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཡོད་པས། མང་ཚོགས་དང་མཉམ་ཟ་མཉམ་སྡོད་བྱས་ཏེ་མང་ཚོགས་ཀྱི་དགའ་སྐྱོ་ཆགས་སྡང་ཤེས་རྟོགས་དང་། མི་དམངས་མང་ཚོགས་ཀྱིས་ཅི་ཞིག་བསམ་གྱི་ཡོད་པ་དང་། ཅི་ཞིག་ལ་དགའ་བ། ཅི་ཞིག་ལ་ངོ་རྒོལ་བྱེད་པ་བཅས་རྟོགས་པར་བྱེད་དགོས། དེ་ལྟར་ཇུས་འགོད་དང་ལས་སྒྲུབ་གཞི་ནས་གནད་ལ་འཁེལ་ཐུབ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་རང་ཉིད་མང་ཚོགས་ཀྱི་ཁོངས་མི་ཞིག་ཏུ་བརྩི་བ་དང་། མང་ཚོགས་ཀྱི་བྱ་བ་རང་ཉིད་ཀྱི་བྱ་བར་བརྩི་བ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་རེ་འདོད་མཚོན་པ། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བཅས་བྱས་ཏེ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མང་ཚོགས་དང་དེ་བཞིན་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་ལ་བློ་ཁ་ཕྱོགས་ནུས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
དམངས་འཚོའི་དོན་དངོས་ཏན་ཏིག་ངང་སྒྲུབ་དགོས། དུས་རབས་ཀྱི་འགན་འཁྲི་མི་སྒེར་གྱི་ལུས་སྟེང་དུ་བབས་ན་རི་བོ་ལྟ་བུ་ཞིག་ལྕི། བྱ་བ་ཁ་ཤས་ནི་བལྟས་ཚོད་ཀྱིས་བྱ་བ་ཆུང་ཙག་ཡིན་མོད། འོན་ཀྱང་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་དག་ཧ་ཅང་ཆེན་པོ་ཡིན་སྲིད། དེས་ན་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་སྟེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་། ཐག་ཉེ་སར་སློབ་གྲྭར་འགྲོ་བ། སྨན་བཅོས་སྟབས་བདེ་བ། རྒན་གསོའི་ཞབས་ཞུ་སོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། འཇུག་གཞི་ཆུང་བ་དང་། སྒྲུབ་ཐུབ་པ། མང་ཚོགས་ལ་ཕན་ཐོགས་པ་བཅས་ཀྱི་ཕྱོགས་ནས་འགོ་བཙུགས་ཏེ་ཟ་ཁང་དང་། འཁྲུད་ཁང་། རིག་རྩལ་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་རིམ་པ་བཞིན་ལག་བསྟར་བྱས་ཏེ་མིག་གིས་མཐོང་རྒྱུ་ཡོད་པ་དང་། ལག་པས་རེག་རྒྱུ་ཡོད་པ། མྱོང་ཚོར་ཐུབ་པ་བཅས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དགོས། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་ནས་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། མང་ཚོགས་ལ་ལོ་རེར་བདེ་ཐང་བརྟག་དཔྱད་ཐེངས་རེ་བྱེད་དུ་འཇུག་པ། ཡུལ་ནད་བཅོས་འདོད་ཡོད་རིགས་བཅོས་པ་དང་བཅོས་དགོས་རིགས་བཅོས་པར་སྐུལ་འདེད་གཏོང་བ། ལྷག་པར་དུ་བོད་དུ་ས་མཐོའི་ནད་ཕོག་སླ་བའི་གནས་ཚུལ་ལ་དམིགས་ཏེ་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ལ་འདེབས་གསོ་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་འོས་འཚམ་བྱེད་པར་ཁྲིད་སྟོན་བྱས་ནས་ཚན་རིག་དང་མཐུན་པའི་སྣ་མང་ཅན་གྱི་བཟའ་བཅའ་མཁོ་སྤྲོད་མ་ལག་འཛུགས་དགོས། དུས་བཀག་དང་དུས་ངེས་མེད་ཐོག“མི་སྣ་རྒན་གྲས་གསུམ”དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལྟ་བ་དང་འཚམས་འདྲི་ཞུས་ནས་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོར་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་དུ་འཇུག་དགོས།
གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ནི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་འགྲམ་དུ་མངགས་པའི་ལས་བྱེད་པ་ཡིན་པས། གཏམ་སྤྱོད་ཚང་མ་ལས་ཏང་ཨུད་དང་སྲིད་གཞུང་གི་གཟུགས་བརྙན་མཚོན་གྱི་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། “བཞི་བཤེར་བཞི་རྩད”དམ་འཛིན་བྱ་གཞིར་བྱེད་པ། བྱས་རྗེས་དངོས་ལ་སྣང་ཆེན་དང་། སྐད་ཆ་དྲང་པོ་ཤོད་པ། དོན་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། མང་ཚོགས་དང་ཉེ་བཅར། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱིས་གོ་བའི་སྐད་ཆ་ཤོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་དུང་ལྷད་མེད་པ་ཞིག་འཆང་དགོས། འདིར་དམིགས་སུ་བཀར་ནས་ནན་བཤད་བྱེད་དགོས་པ་ཞིག་ནི། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་སྒྲིག་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ནན་པོ་སྲུང་དགོས། གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་བསྲུང་བྱ་དང་ལས་ཀའི་སྒྲིག་ཁྲིམས་ལྟར་བྱ་བ་བསྒྲུབས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།
དྲུག གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་པ་ཡག་པོ་ཞིག་བྱེད་དགོས།
ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཞིང་འབྲོག་ཁུལ་དུ་ཡོད་པས་རྨང་གཞི་བརྟན་པོ་མ་བྱུང་ཚེ་ས་གཡོ་རི་འགུལ་སྲིད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་བྱེད་པ་དང་། མཛུབ་ཁྲིད་བྱེད་པ་ལས་འགོ་ཁྲིད་མི་བྱེད་པ་དང་། དམིགས་སར་འབྱོར་བ་ལས་གནས་བརྒལ་མི་བྱེད་པ། ཞུགས་པ་ལས་ཐེ་ཇུས་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། རྫོང་དང་ཤང་ཏང་ཨུད་ལ་གཞོགས་འདེགས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྟོབས་དང་ལྡན་པའི་འཐབ་འཛིང་མཁར་རྫོང་དུ་ཧུར་ཐག་སྐྲུན་དགོས།
གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཁ་གསལ་སྟོན་ཕྱོགས་འཛུགས་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ལ་རམ་འདེགས་བྱས་ནས་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་རོགས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཉུང་ཤས་ཀྱི་འགན་འཛོལ་དང་ནུས་ཤོར་གྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་ལ་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ། ཏང་ཡོན་གྱིས་ཆོས་ལ་དད་པ་བྱས་མི་ཆོག་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ། ཏང་ཡོན་འཕེལ་རྒྱས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པར་གདོང་ལེན་དཔེ་བཟང་གི་ནུས་པ་ཧུར་ཐག་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས།
བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་འཁྲིའི་ཁྱབ་ཁོངས་ཀྱི་བྱ་བ་རྣམས་གྲོང་ཚོ(སྡེ་ཁུལ)ལས་བྱེད་པ་རང་ཉིད་ཀྱིས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྒྲུབ་དཀའ་བ་དང་སྒྲུབ་མི་ཐུབ་པའི་བྱ་བ་གཙོ་གནད་ཐོག་མཐུན་སྦྱོར་ཐག་གཅོད་བྱེད་པ་ལས་རང་ཉིད་ཀྱི་འགན་ཁོངས་ནས་འགལ་མི་རུང་། གཟའ་འཁོར་གྱི་སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”དང་མཉམ་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཉམས་མྱོང་མཉམ་སྤྱོད། ཐབས་ཇུས་གྲོས་མོལ་བཅས་བྱས་ནས་རྩ་འཛུགས་ཀྱི་རྨང་གཞི་ཐུན་མོང་ཐོག་བརྟན་དུ་གཏོང་དགོས། གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་དང་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩི་བ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ། སློབ་གྲྭ་ཆེ་མོ་བ་སོགས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ནང་ཞུགས་རྒྱུར་སྐུལ་ལྕག་བཅས་བྱས་ནས་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་གསོ་སྐྱོང་བྱེད་དགོས།
མཐའ་མཚམས་ཀྱི་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཐུན་མོང་ལྔ་དང་སྲ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་གཏོང་དགོས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་ས་སྲུང་མཐའ་བརྟན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མཐའ་མཚམས་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་སྲུང་གི་འདུ་ཤེས། རྒྱལ་ཁབ་ས་ཆའི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”ལས་དོན་སྤེལ་བར་གཞོགས་འདེགས་བྱེད་པ་དང་མཐའ་མཚམས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྱབ་རྒྱ་ཆེ་རུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་དགོས། མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་འཛུགས་གཏོད་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱུང་རྗེས་ལས་བྱེད་པ་ནི་ལག་བསྟར་བྱེད་མཁན་ཡིན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཁག་གིས་གྲོང་ཚོར་བཅའ་སྡོད་བྱེད་པ་ནི་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཞིག་ཏུ་བརྩིས་ཏེ། སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་གནས་ཐོག་སྦྱོང་བརྡར་བྱེད་པར་བཏང་སྟེ་གྲོང་ཚོར་བཅའ་སྡོད་ཀྱི་ལས་གནས་དང་གཞི་རིམ་གྱི་འཐབ་ས་དང་པོ་དེ་ཉིད་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས། གཅིག་ནས་མི་ཡག་པོ་འདེམས་དགོས། ཉམས་མྱོང་ནི་ལག་ལེན་ལས་བྱུང་བ་དང་འཇོན་ཐང་ནི་སྦྱོང་བརྡར་ལས་བྱུང་བ་ཞིག་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག ཕྱོགས་བསྡུས་ཀྱི་འཇོན་ཐང་ཆེ་བ། གསོ་སྐྱོང་གི་མདུན་ལམ་ལྡན་པ་བཅས་ཀྱི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ནང་ཞུགས་རྒྱུར་མཐོང་ཆེན་བྱས་ཏེ་གཞི་རིམ་གྱི་ཞུན་བརྡར་ཁྲོད་ཁོང་ཚོའི་འཇོན་ཐང་ཆེ་རུ་དང་ཉམས་མྱོང་ཕུན་སུམ་ཚོགས་སུ་འགྲོ་བར་བྱས་ནས་འགན་འཁྲི་འཁུར་ཐུབ་པའི་ཕུལ་བྱུང་ཤེས་ལྡན་པ་ཞིག་ཏུ་མགྱོགས་མྱུར་འཚར་ལོངས་ཡོང་བར་བྱེད་དགོས། གཉིས་ནས་མིར་དོ་དམ་ཡག་པོ་བྱེད་དགོས། དུས་བཀག་ལྟར་ལས་ཀའི་སྙན་སེང་ཉན་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལྟ་སྐུལ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ལས་ཀའི་འགན་འཁྲི་ཁག་ནན་ཏན་ངང་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་མི་ཡག་པོ་སྤྱོད་དགོས། དཔྱད་ཞིབ་ཀྱི་སྟོན་ཕྱོགས་དང་། ལྕག་སྐུལ། གཅུན་འདོམས་བཅས་ཀྱི་ནུས་པ་འདོན་པ། འཐབ་ས་དང་པོའི་ཚོད་བགམ་བརྒྱུད་མྱོང་བ་དང་། ལས་ཀའི་བྱས་རྗེས་མངོན་གསལ་དོད་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་གནས་སྤར་བེད་སྤྱོད་ལ་མཐོང་ཆེན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་ཕུལ་བྱུང་དང་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པ་ཡག་པོ་འབོར་ཆེན་གསོ་སྐྱོང་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།