དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། (སྟོད་ཆ)

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-04

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་དང་དངོས་དོན་སྒྲུབ་པར་སྐུལ་འདེད་བཏང་ཡོད་ལ་གྲུབ་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་གཞི་རིམ་དུ་གཞི་ཚུགས་ནས་འགན་འཁྲི་གཙང་མར་བསྒྲུབས་ཤིང་། ལ་ལས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་མཁན་བྱས་པ་དང་། ལ་ལས་ཡུལ་མིར་ཐད་གཏོང་དངོས་ཟོག་ཚོང་རོགས་བྱས་པ། ལ་ལས་བཅའ་སྡོད་ཀྱི་དུས་ཚོད་ཐིམ་ཡང་རང་འགུལ་ངང་གྲོང་ཚོར་མུ་མཐུད་བཅའ་སྡོད་བྱ་རྒྱུའི་རེ་འདུན་ཞུས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། ལས་དོན་གྱི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོར་དྲིན་ལན་འཇལ་བ། དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པ་བཅས་བྱས་པས། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ཕྱིན་པ་བཅས་བྱུང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    མིག་སྔར། རང་ལྗོངས་ལ“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་འཕྲད་བཞིན་ཡོད་ལ“དོན་ཆེན་བཞི”དོན་འཁྱོལ་བྱེད་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ལས་རིགས་ཁག་དང་། ཁྱབ་ཁོངས་ཁག རིམ་པ་ཁག་བཅས་ཚང་མའི་ཏང་ཡོན་ལས་བྱེད་པས་འབད་བརྩོན་དང་ལེགས་སྐྱེས་འབུལ་དགོས་ཀྱི་ཡོད། ཏང་གི་འཐབ་འཛིང་ནུས་ཤུགས་ཡོངས་རྫོགས་ཀྱི་རྨང་གཞི་གཞི་རིམ་དུ་ཡོད། བོད་ཀྱི་ལས་དོན་གྱི་སྟོབས་ཤུགས་བརྟན་ཤོས་ཀྱི་འདེགས་སྐྱོར་གཞི་རིམ་དུ་ཡོད་ལ། འགལ་བ་དང་གནད་དོན་མངོན་གསལ་དོད་ཤོས་ཀྱང་གཞི་རིམ་དུ་ཡོད། ཏང་གི་གཞི་རིམ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་གལ་ཆེ་ལ་གཟི་བརྗིད་ཆེན་པོ་ལྡན་ཡོད། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་རང་ཉིད་ཀྱི་ནུས་ཤུགས་གཞི་རིམ་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་བཏོན་ནས་དུས་རབས་དང་གོམ་སྟབས་གཅིག་མཚུངས་དང་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ཚེ་གཞི་ནས་མི་ཚེའི་རིན་ཐང་དེ་བས་ལེགས་པར་མངོན་འགྱུར་དང་མི་ཚེའི་གནས་ཚད་མཐོ་རུ་འགྲོ་ཐུབ། ཚང་མས་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་གཟི་བརྗིད་ལྡན་པའི་མིང་དེ་ནས་འགན་འཁྲི་ཤེས་རྟོགས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཤིང་། དེ་གོང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁག་བཅུ་གཉིས་ཀྱི་དཔུང་ཁག་ཁྲོད་ནས་མིག་དཔེ་འཚོལ་བ་དང་དཔེ་སྟོན་བཙུགས་ཏེ་དེ་བས་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ནང་ཞུགས་དགོས། འགན་འཁྲི་ནན་གྱིས་འཁུར་བ་དང་། རང་འགན་ཐེག་པ་ཁུར་ལེན་བྱེད་པ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    གཅིག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཀྱི་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱེད་དགོས།

    ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པར་མཁོ་བའི་འཇོན་ཐང་སྣ་ཚོགས་ཁྲོད་ནས་ཆབ་སྲིད་ཀྱི་འཇོན་ཐང་ནི་ཨང་དང་པོ་རེད། གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་ཤོས་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཡུལ་ས་གཙོ་བོ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་བཅས་ཡིན་པས་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བཅས་བྱས་ནས། ཆབ་སྲིད་ལ་སྣང་ཆེན་བྱེད་པ་དེ་གཞན་སྐུལ་གྱི་བླང་བྱ་ནས་རང་འགུལ་གྱི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས།

    ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་གཏོང་དགོས། རིགས་པའི་གཞུང་ལུགས་ལ་བྱང་ཆུབ་པ་ནི་ཆབ་སྲིད་ལ་བྱང་ཆུབ་པའི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་ཤུགས་རྒྱག་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩི་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་མངོན་པ་དང་འགན་འཁྲི་གཙང་སྒྲུབ་དང་རང་འགན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མངོན་པར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་བྱས་ཏེ་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས།

    མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མང་ཚོགས་ཀྱིས་ཁོང་དུ་ཆུད་ཚེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་གཏོང་བའི་དངོས་པོའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་སྲིད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ནི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད། “བསམ་བློའི་གནད་དོན་ཐག་གཅོད་བྱེད་པར”མུ་མཐུད་ཤུགས་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དྲིལ་བསྒྲགས་ཤུགས་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་ཐུགས་ཁུར་བྱམས་སྐྱོང་དང་དམིགས་བསལ་གྱི་རྒྱབ་སྐྱོར་དྲིལ་བསྒྲགས། ཏང་གི་མི་རིགས་ལས་དོན་སྐོར་གྱི་མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན། མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ལ་ངོས་འཛིན་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས། དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲངས་ནས་རྒྱང་ལམ་གསར་པར་འབུད་འབུངས་མདུན་སྐྱོད་བྱེད་དགོས།

    དྲིལ་བསྒྲགས་སློབ་གསོ་གཏོང་སྟངས་གསར་གཏོད་བྱེད་དགོས། མང་ཚོགས་ཀྱི་བསམ་བློའི་ལས་དོན་སྒྲུབ་པ་ནི་གནས་ལུགས་ཆེན་པོ་ཤོད་པ་ཙམ་མིན་ལ་སྟོང་གཏམ་དེ་བས་ཀྱང་ཤོད་མི་རུང་། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་མང་ཙམ་ཤོད་པ། ཕལ་སྐད་མང་ཙམ་ཤོད་པ་བཅས་བྱས་ནས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་ཐབས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་ཀྱི་གནད་དོན་གཏིང་ཟབ་དང་གསལ་པོར་ཤོད་དགོས། རིགས་པའི་གཞུང་ལུགས་ཀྱིས“ཤོད་འདོད་པའི”གཞི་རྩའི་རྩ་བའི་རིགས་པ་དེ་མང་ཚོགས་ཀྱིས“ཉན་འདོད་པའི”གསོན་ཉམས་དོད་པའི་གནས་ལུགས་ལ་འགྱུར་བ་བྱས་ཏེ་མང་ཚོགས་ཀྱིས་བློ་ལ་ངེས་པ་དང་གོ་བ་ལེན་ཐུབ་པར་བྱེད་དགོས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བའི་ལོ་ཞིག ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་བཅས་ཡིན་པ་དང་སང་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་བརྗོད་དོན་གཙོ་བོ་ཕྱོགས་ཏུ་འཛིན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་གཅིག་སེམས་གཅིག་དང་ཕྱོགས་མཐུན་མདུན་སྐྱོད་བྱེད་པར་ཁྲིད་སྟོན་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    གཉིས། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་སྐུལ་འདེད་པ་ཡག་པོ་ཞིག་བྱེད་དགོས།

    བོད་དུ་བརྟན་ལྷིང་སྲུང་སྐྱོང་ནི་སྔར་བཞིན་རིམ་ཁག་ཏང་ཨུད་ཀྱི་ད་ལྟའི་དུས་མཚམས་ཀྱི་ལས་འགན་ཨང་དང་པོ་ཡིན། ལོ་མང་རིང་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་ནི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་བྱས་རྗེས་མེད་དུ་མི་རུང་བ་བཞག་པ་ལས་བྱུང་བ་ཞིག་ཡིན། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་སྲོལ་དང་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་རྟག་ཏུ་ཡག་པོ་སྒྲུབ་དགོས།

    དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ནི་དེང་རབས་སྤྱི་ཚོགས་ཀྱིས་སྤྱི་དམངས་ཚང་མར་བཏོན་པའི་གཞི་རྩའི་བླང་བྱ་ཡིན་ལ། “འདུ་ཤེས་གསུམ”གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་ནི་གཞི་རིམ་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཁྲིམས་སྲོལ་སྒྲིག་སྲོལ་དང་། ཆོས་ལུགས་ཀྱི་ཆོ་ག ལོ་རྒྱུས་ཀྱི་ངེས་སྲོལ་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གྲྭ་དམངས་དེ་བས་མང་བ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཡོང་བར་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

    གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ལྷན་ནི་ཏང་གི་སྲིད་འཛིན་ཐོག་ཁང་གི་རྨང་གཞི་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་རྨང་གཞི་རེད། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་བྱེད་པོ་ཁག་གི་ཧུར་སེམས་སྐུལ་སློང་ཧུར་ཐག་བྱས་ཏེ། གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའུ་སྣེ་ཁྲིད་དུ་བྱེད་པ་དང་སྣ་མང་མཉམ་བཅོས་ལམ་སྲོལ་གསར་འཛུགས་བྱས་ནས་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་དང་བྱ་ཐབས་གསར་གཏོད་དང་། མཉམ་འགོག་མཉམ་བཅོས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཞབས་ཞུའི་དོ་དམ་དོན་ཚན་ལེགས་སུ་གཏོང་བ་བཅས་བྱས་ནས། མི་དང་ལས་དོན་ཚང་མ་དྲ་མིག་ནས་དོ་དམ་ཐུབ་པར་བྱེད་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ཞན་ཆ་དང་མི་འདང་ས་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱས་ཏེ་མ་ཐོན་སྔོན་འགོག་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་གི“རྟེའུ་ཡིས་ཐེར་གེ་ཆེན་པོ་འདྲུད་པའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ། གཞི་རིམ་ལས་བྱེད་པར་ལས་དོན་དོན་འཁྱོལ་ལ་དམ་འཛིན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་སེམས་ནུས་དེ་བས་མང་པོ་ཡོད་པར་བྱེད་དགོས།

    དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། “གཞི་རིམ་དུ་སླེབས་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱས་ནས་འགལ་བ་དང་རྩོད་གཞི་འབྱུང་ཁུངས་ནས་སྔོན་འགོག་དང་། ཞིབ་བཤེར། ཐག་གཅོད་བཅས་ཀྱི་ལས་དོན་གཏིང་ཟབ་སྒྲུབ་པ་དང་། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་མཉམ་འགུལ་བྱེད་པའི་ལས་དོན་གྱི་མ་ལག་འཛུགས་པ། ཟུར་བལྟས་ལེབ་མཐོང་དང་སྔ་ས་དང་ཆུང་ས་ནས་དམ་འཛིན་བཅས་བྱས་ཏེ་འགལ་བ་དང་རྩོད་གཞི་གཞི་རིམ་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱེད་དགོས། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནས་ཚུལ་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་བར་བཅའ་ཁྲིམས་ལ་བརྟེན་པ་བཅས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་འགྱུར་བར་བྱས་ཏེ་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

    གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་གྱི་ལག་ལེན་པ་ཡག་པོ་ཞིག་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྨང་གཞི་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཡག་པོ་གཉེར་རྒྱུར་ཐུག་པ་དང་འགག་རྩ་དེ་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ཐུག་ཡོད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་མང་ཚོགས་རྣམས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱུན་མཐུད་སྤེལ་བ་དང་། “ལོ་རྒྱུས་བཞི”དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ལ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་བརྟེན་ས་ཡིན་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་གཏོད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་མུ་མཐུད་འཛུགས་གཏོད་བྱེད་དགོས། དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“སྤེལ་ བ་དགུའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་གཏིང་ཟབ་སྤེལ་བ། ཡུལ་བབ་དང་བསྟུན་ནས་སྒར་རེས་རྣམ་པའི་སྡེ་ཁུལ་སྐྲུན་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་རྣམ་པ་གཏོད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་ནི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་འགན་འཁྲི་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཅིག་སྡུད་གསོ་སྦྱོང་དང་། མཚན་མོའི་སློབ་གྲྭ་གཉེར་བ། ཆ་སྒྲིག་སློབ་རོགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་གྲོང་ཚོའི་ལས་བྱེད་པ་དང་། གཞོན་དར་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་བྱང་ཆུབ་པར་བྱས་ནས་ཚན་རིག་རིག་གནས་ཤེས་བྱ་དེ་བས་མང་བ་ཤེས་པ་དང་དེང་རབས་སྤྱི་ཚོགས་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་བྱེད་དགོས།

    ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ། ཡ་རབས་ལྡན་པའི་གྲོང་ཚོ་གྲོང་ལྷན་དང་། ཡ་རབས་ལྡན་པའི་ཁྱིམ་ཚང་། ཀུན་སྤྱོད་དཔེ་བཟང་བ། ཉེ་འགྲམ་གྱི་མི་བཟང་བཅས་དཔྱད་འདེམས་འཛུགས་གཏོད་གཏིང་ཟབ་བྱས་ནས་ཡུལ་སྲོལ་ཡ་རབས་དང་། ཁྱིམ་སྲོལ་བཟང་བ། དམངས་སྲོལ་བབ་ཆགས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་འཐབ་ས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་པ། ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བཟུང་དགོས། ཞིང་འབྲོག་ཁུལ་གྱི་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏིང་ཟབ་བཏང་ནས་ཆོས་ལུགས་ཀྱི་རྒྱུ་རྐྱེན་ཡོད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ཚད་ལྡན་དང་དེར་ཁྲིད་སྟོན་བྱས་ཏེ་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བའི་གོམས་གཤིས་ཤིག་འཇགས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།