ཝང་ཅུན་ཀྲེང་གིས“དྲུག་གཅིག”སྐབས་ལོ་ཆུང་བྱིས་པར་གཟིགས་པ།
ཕུགས་འདུན་དོན་གཉེར་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ་དམར་ཞིང་མཁས་པའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ལ་ཧུར་ཐག་འགྱུར་བ་བྱེད་དགོས།
ཟླ་5ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་ཕེབས་ནས་ལོ་ཆུང་བྱིས་པར་འཚམས་འདྲི་གནང་བ་དང་། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ལོ་ཆུང་བྱིས་པའི་འཐུས་མི་དང་ལྷན་དུ་རྒྱལ་དར་མདུན་དུ་དྲན་རྟེན་པར་བསྐྱོན་བཞིན་པ།
ཟླ་5ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་ཕེབས་ནས་ལོ་ཆུང་བྱིས་པར་འཚམས་འདྲི་གནང་བ་དང་། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་བྱེད་སྒོ་སྤེལ་ཡུལ་དུ་གྲོགས་པོ་ཆུང་ཆུང་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཀྱི་ཟླ་5ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་ལོ་ཆུང་བྱིས་པར་འཚམས་འདྲི་གནང་ནས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཕུགས་འདུན་དོན་གཉེར་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ནས་དམར་ཞིང་མཁས་པའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ལ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དབྱར་དུས་ཀྱི་ནམ་མཁའ་སྔོ་ལ་དྭངས་ཤིང་ཉི་འོད་རབ་ཏུ་འཚེར། ཝང་ཅུན་ཀྲེང་དང་བཅས་པ་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དུ་ཕེབས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་ཆུང་གདོང་ལེན་རུ་མི་ཚོས་ཕེབས་བསུ་ཞུས་ཏེ་ཚང་མར་དམར་མདངས་བཀྲ་བའི་སྐེ་དར་དམར་པོ་བཏགས། “ང་ཚོའི་རླབས་ཆེན་མེས་རྒྱལ་ཤེས་རྟོགས་བྱེད་པར་སྔོན་ལ་ང་ཚོའི་རྐང་འོག་གི་ས་གཞི་དེར་ཤེས་རྟོགས་བྱེད་པ་ནས་འགོ་འཛུགས་དགོས”སྐེ་དར་དམར་པོའི་འཆད་འགྲེལ་པ་ཨང་དང་པོ་ནི་ཁང་དེའི་ནང་གི་ལོ་ན་ཆུང་ཤོས་ཀྱི་འཆད་འགྲེལ་པ་ཞིག་ཡིན་པ་དང་འདི་ལོ་ལོ་5ལ་སླེབས་ཙམ་ཡིན། ཁོང་གིས་བྱིས་པའི་སྤྲོ་སྣང་གིས་ཁེངས་པའི་སྐད་ཆའི་ཐོག་ནས་འཆད་འགྲེལ་བརྒྱབ་པས་ཚང་མའི་དགའ་བསུ་ཡང་ཡང་ཐོབ། རི་མོའི་འགྲེམས་སྟོན་ཁང་དུ་ཕྲུ་གུ་ཚོས་ལེགས་གྲུབ་ཟིན་མ་ཐག་པའི་གནམ་བདེ་སྒོ་མོ་ཐང་ཆེན་གྱི་རི་མོའི་བརྩམས་ཆོས་འཚང་ཁ་ཤིག་ཤིག་ངང་ངོ་སྤྲོད་བྱས་པ་དང་། ཝང་ཅུན་ཀྲེང་གིས་ཁོང་ཚོར་སློབ་སྦྱོང་ཡག་པོ་བྱས་ཏེ་བོད་ནས་ཐོན་ཏེ་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཆུར་མང་ཙམ་ལྟ་བར་འགྲོ་དགོས་པའི་སྐུལ་ལྕག་གནང་། སྐེ་དར་དམར་པོའི་འཆད་འགྲེལ་པའི་ཁྲིད་སྟོན་འོག ཝང་ཅུན་ཀྲེང་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཁང་དང་། ཚན་རིག་ཁྱབ་གདལ་སློབ་གསོ་ཁང་། རང་བྱུང་སྐྱེ་ཁམས་ཁང་བཅས་ལ་གཟིགས་སྐོར་ལ་ཕེབས་པ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་བརྟན་པོ་གཏོང་བར་ཕྲུ་གུ་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་རང་བཞིན་དང་སྤྱི་དམངས་ཅན་གྱི་བྱེད་སྒོ་མང་ཙམ་སྤེལ་ཏེ། སྤྱི་ཚོགས་ཡོངས་ལ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས”ཀྱི་ས་བོན་འདེབས་པ་དང་ལོ་ཆུང་བྱིས་པའི་ཚན་རིག་ཤེས་བྱའི་སྤྲོ་སྣང་སྐྱེད་སྲིང་བྱས་ཏེ་ནར་སོན་རྗེས་ཚན་རྩལ་གསར་གཏོད་བྱ་གཞག་ནང་ཞུགས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་དང་གྲོ་མོ་རྫོང་ཚོད་ལྟའི་སློབ་ཆུང་གིས“‘རྒྱལ་སྲུང་མཐའ་སྲུང’གི་སྲུང་དམག་ཆུང་ཆུང་བརྩོན་ལེན་བྱེད་པའི”བརྙན་ལམ་སྤྲིན་ཚོམ་མཉམ་སྒུལ་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་ཝང་ཅུན་ཀྲེང་གིས་མདུན་དུ་ཕེབས་ནས་ལོ་ཆུང་གདོང་ལེན་རུ་མི་ཚོར་ཕྱག་གཡུག་གཡུག་གནང་བ་དང་དེ་གར་ཡོད་པའི་ཕྲུ་གུ་ཚོས་དགའ་སྤྲོའི་ངང་ཁོང་གི་མཐའ་ནས་བསྐོར། “ཁྱེད་ཚོ་ཧུར་བརྩོན་ཡར་རྒྱས་དང་། ལྷད་མེད་གྲུང་ཤ་དོད་པ། ཡིད་ཆེས་ཀྱིས་ཁེངས་པ་བཅས་ཡོད་པ་མཐོང་སྐབས་མེས་རྒྱལ་གྱི་འབྱུང་འགྱུར་ལ་རེ་བ་ཆེན་པོ་འདུག”ཅེས་ཝང་ཅུན་ཀྲེང་གིས་ཕྲུ་གུ་ཚོར་བྱིས་སེམས་ཏང་ལ་ཕྱོགས་པ་དང་འདུན་པ་ཆེན་པོ་བཅངས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། གསར་བརྗེའི་ལོ་ཆུང་བརྩོན་ལེན་བཅས་བྱས་ཏེ། ནར་སོན་རྗེས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
གཟིགས་སྐོར་གནང་རིང་ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ལོ་ཆུང་བྱིས་པ་འཚར་ལོངས་ཡོང་བར་ཐུགས་ཁུར་གནང་བ་དང་ལོ་ཆུང་བྱིས་པའི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས་ལོ་ཆུང་བྱིས་པར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དང་རེ་བ་ནན་པོ་བཅོལ་གནང་བ་གང་ལེགས་མཚོན་ཡོད། བྱིས་དུས་དང་གཞོན་ནུ་ལོ་ཆུང་ནི་མི་ཚེ་ཧྲིལ་པོའི་ནང་གི་ཆེས་མཛེས་སྡུག་ལྡན་ལ་རྩ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ཀྱིས་ཕུགས་བསམ་ཆེན་པོ་འཆང་བ་དང་། ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བྱས་ཏེ་ནར་སོན་རྗེས་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་ཐོགས་ཡོད་པའི་རྐང་འཛིན་པ་ཞིག་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་ཧུར་ཐག་དང་དུས་སྐབས་བཟང་པོར་གཅེས་སྤྲས་བྱས་ཏེ་ནུས་པ་དང་འཇོན་ཐང་ཆེ་རུ་བཏང་ནས་སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བའི་དཔེ་དམག་ཆུང་ཆུང་ཞིག ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སློབ་སྦྱོང་བྱས་ཏེ་དགེ་རྒན་ལ་བརྩི་བཀུར་དང་། ཕ་མར་སྲི་ཞུ། གྲོན་ཆུང་ཧུར་བསྲི་བཅས་བྱས་ནས་ཀུན་སྤྱོད་བཟང་བའི་བྱིས་པ་བཟང་པོ་ཞིག ལུས་རྩལ་དང་ངལ་རྩོལ་ལ་དགའ་ཞེན་བྱས་ཏེ་གཟུགས་པོའི་བྱང་ཚད་ཇེ་ཡག་ཏུ་གཏོང་བ་དང་སྙིང་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་བྱས་ནས་གཟུགས་གཞི་ཐང་བའི་ན་གཞོན་བཟང་པོ་ཞིག་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ལྕང་མ་གསོ་བར་ལོ་བཅུ་དང་། མི་སྐྱོང་བར་ལོ་བརྒྱ་ཞེས་པ་ལྟར། རྒྱ་ཆེའི་དགེ་རྒན་གྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ཏེ། ལས་བཀུར་ལས་གཅེས་དང་དཔེ་ཁྲིད་མི་སྐྱོང་བྱེད་དགོས་པ་དང་། ཁྱིམ་བདག་གིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་བཟང་པོར་མཐོང་ཆེན་དང“དགེ་རྒན་དང་པོ”ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཐུན་མོང་ཐོག་ལོ་ཆུང་བྱིས་པ་འཚར་ལོངས་དང་ཤེས་ལྡན་པར་ཆགས་རྒྱུར་གཡས་གཞོགས་གཡོན་འདེགས་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལོ་ཆུང་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་བཟང་པོ་སྐྲུན་དགོས།