2024ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་འགོ་ཚུགས་པ།
ཀརྨ་ཚེ་བརྟན་བོད་ལྗོངས་ཀྱི་ཡན་ལག་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པ།
ཟླ་5ཚེས་31ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་2024ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་བོད་ལྗོངས་ཀྱི་ཡན་ལག་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་གནང་བ་རེད།
འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་23པ་ཡིན་ཞིང་། ད་ཐེངས་ཀྱི་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཐུབ་པ——སྲོག་སྐྱོབ་བགྲོད་ལམ་ཤར་གཏོང་བྱེད”ཅེས་པ་དེ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཀརྨ་ཚེ་བརྟན་དང་ཚོགས་ཞུགས་མི་སྣ་ཚོས་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི《བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་བརྡ་ཡུན་སྒྲོག》ཅེས་པའི་དྲན་སྐུལ་སློབ་གསོའི་གློག་བརྙན་ལ་གཟིགས་པ་དང་། བརྙན་ལམ་ནས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་ཐོག་བརྩེགས་སྡོད་ཁང་ཁུལ་ཆུང་གི“སྲོག་སྐྱོབ་བགྲོད་ལམ་ཤར་གཏོང་བྱེད་པའི”འཕྲལ་སྡོམ་ནང་སྦྱོང་ལ་གཟིགས་སྦྱོང་གནང་བ། ཁེ་ལས་ཀྱི་འཐུས་མིས་ས་གནས་ས་ཐོག་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་དམ་བཅའ་བཞག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ཐོན་སྐྱེད་ཁེ་ལས་ཁག་གིས“སྲོག་སྐྱོབ་བགྲོད་ལམ་ཤར་གཏོང་བྱེད་པའི”བརྗོད་དོན་གཙོ་བོ་དེར་དམིགས་ནས། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། འཕྲལ་སྡོམ་ཉེན་གཡོལ་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་རྒྱུན་གཏན་ངང་སྤེལ་བ་བཅས་བརྒྱུད་དམངས་ཡོངས་ཀྱི་ཉེན་ཁ་སྔོན་འགོག་དང་བདེ་འཇགས་འཕྲལ་སྡོམ་གྱི་འདུ་ཤེས་དང་དེ་བཞིན་རང་སྐྱོབ་སྐྱོབ་རེས་ཀྱི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཐུབ་པའི”མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་གཏན་འགོག་ནུས་ལྡན་བྱེད་པ། རྩ་བའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་རྒྱུ་རེད།