དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་གྲོལ་བ།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-01

    ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་ལྷ་སར་གྲོལ་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་47ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། རྒྱལ་མཚན། ཝང་ཅུན། ཞུས་ཁྲེང་ཚང་། འཇམ་དཔལ། ལི་ཝུན་ཀེ སུན་ཤན་ཀྲུང་། དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་སྒྲིག་སྲོལ》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིའི་མིང་བསྒྱུར་རྒྱུའི་སྐོར་གྱི་གཏན་འབེབས་དང་འཇམ་དཔལ་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞིང་ལས་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱས་པ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་བསྐོ་གཞག་ཡི་གེ་སྤྲད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་ཚོར་རྟེན་འབྲེལ་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་བཅས་ཡིན་པས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དེས་ན་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་མངོན་གསལ་དོད་པ་བཅས་བྱས་ཏེ་ཏན་ཏིག་ནུས་ལྡན་གྱི་ལས་ཀའི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་། འཐུས་སྒོ་ཚང་དུ། འཁོར་རྒྱུག་བཅས་ཡག་པོ་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཇུས་འགོད་བྱེད་པ་དང་འབྲེལ་སྐུལ་འདེད་ཀྱང་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་སྤེལ་ན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་རྗེས་སྙེགས་དང་། སྟོབས་ཤུགས་དེ་གར་གཅིག་སྡུད། ནུས་པ་དེ་གར་འདོན་སྤེལ་བཅས་ཐུབ་པར་བྱེད་དགོས་པ་དང་། ཏང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་འཛིན་པའི་གནས་བབ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ནུས་ཕྱོད་ལ་སྒྱུར་དགོས། ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞེས་པའི་འགག་རྩར་དམ་པོར་བཟུང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་བཏང་སྟེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གངས་ལྗོངས་ས་མཐོའི་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཆབ་སྲིད་སྣེ་ཁྲིད་མངོན་གསལ་དོད་དུ་དང་། ཞབས་ཞུ་འགན་ལེན་བྱེད་སྟངས་ལེགས་སུ། ལས་སྒོའི་བྱང་ཚད་མཐོ་རུ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཅས་གཏོང་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། “སྒྲིག་ཁྲིམས་ཆེན་པོ་དྲུག”དམ་འཛིན་བྱེད་གཞིར་བྱེད་པ། “ལས་ཁུངས་བཞི”འཛུགས་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ཆབ་སྲིད་སྲ་བརྟན་དང་། དམངས་ལ་ཞབས་འདེགས། ཁྲིམས་སྐྱོང་གོང་བཀུར། དམངས་གཙོ་དར་སྤེལ། ཧུར་བརྩོན་གཙང་སྒྲུབ”བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་ཅིག་སྐྱེད་སྲིང་བྱས་ནས་རྒྱུན་ཆད་མེད་པར་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། འགན་འཁྲི་དམ་ནན་དུ་གཏོང་བ། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས། བླང་བྱ་ལག་བསྟར་ནན་པོ་བཅས་བྱས་ནས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཟུར་ཚད་མང་པོ་དང་ཕྱོགས་ཡོངས་ནས་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་དང་། ཁྲིམས་སྐྱོང་གི་གཏམ་རྒྱུད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་བཅས་ཡག་པོ་བཤད་དེ། དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།