ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྱི་དུས་བབ་ཆེན་པོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་ཀྱི་ཕྱི་དོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་གྱི་དུས་བབ་ཆེན་པོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ས་ཁོངས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ་བཅས་བྱས་ནས་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་། “བོད་ལྗོངས་འགྲེམས་ཚོགས” “ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས”སོགས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། མདུན་གྲལ་གྱི་འདུ་ཤེས་དང་སྒོ་དབྱེའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་སྐྲུན་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྒོ་དབྱེའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། མཐའ་འཁོར་རྒྱལ་ཁབ་དང་མཛའ་གྲོགས་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ནེ་མཐའ་མཚམས་ཚོང་དོན་དང་མཉམ་ལས་ལས་དོན་སོགས་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་མཉམ་ལས་བར་མཐོངས་རྒྱ་སྐྱེད་ཧུར་ཐག་གཏོང་བ། མི་ཆོས་རིག་གནས་དང་དམངས་ཁྲོད་སྤེལ་རེས་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། གཉིས་ཕན་མཉམ་ལས་ཀྱི་རོགས་ཟླའི་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་གཏོང་དགོས། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱི་ཕྱོགས་ལ་ཁྱབ་སྤེལ་གཏོང་བའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་སྐད་ཆ་དང་ཀྲུང་གོའི་དོན་བརྗོད་མ་ལག་མགྱོགས་མྱུར་འཛུགས་པ། རྒྱལ་སྤྱི་ཅན་གྱི་སྐད་རིགས་དང་བྱེད་སྟངས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་གསོན་ཉམས་དོད་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་འཛམ་གླིང་གིས་བོད་ལ་དེ་བས་ལེགས་པའི་སྒོ་ནས་རྒྱུས་མངའ་ལོན་པ་དང་བོད་འདི་ཉིད་འཛམ་གླིང་གི་ཕྱོགས་སུ་དེ་བས་མགྱོགས་པ་སྐྱོད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱི་དོན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་དོན་ལ་གྲོས་མོལ་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་སྐུལ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་གཞུང་དོན་ཁང་གིས་ལས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཆེ་རུ་གཏོང་བ་དང་། ཇུས་འདོན་ལས་རོགས་ཀྱི་ནུས་པ་གང་ལེགས་འདོན་པ། རང་འགུལ་ངང་བཀོད་སྒྲིག་དང་མཛུབ་ཁྲིད་གནད་འཁེལ་བཅས་བྱས་ནས་རིམ་ཁག་ཕྱི་དོན་སྡེ་ཚན་གྱིས་ལས་དོན་ཡག་པོ་སྒྲུབ་པར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཕྱི་འབྲེལ་སྡེ་ཚན་དང་ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲིའི་ངེས་གནས་ལ་དམ་པོར་དམིགས་པ་དང་ཕྱི་དོན་སྒྲིག་ཁྲིམས་ནན་པོར་བསྲུངས་ནས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཕྱི་དོན་འཐབ་ཕྱོགས་ཀྱི་ལས་བྱེད་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རང་འགན་གཙང་སྒྲུབ་ཏན་ཏིག་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དུས་བབ་ཆེན་པོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།