རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་འགོ་ཚུགས་པ།
བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་ལྷ་སར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་48ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། ཝང་ཅུན། ཞུས་ཁྲེང་ཚང་། འཇམ་དཔལ། ལི་ཝུན་ཀེ སུན་ཤན་ཀྲུང་། དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མི་དོན་བསྐོ་འཐེན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་ཉན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་ཞུ་ཉན་པ། 《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>ལག་བསྟར་བྱེད་ཐབས(འཆར་ཟིན)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གསལ་བཤད་ཉན་པ། 《ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་སྒྲིག་སྲོལ》སྐོར་གྱི་གསལ་བཤད་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་པ་རེད།
ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་ཉན་པ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ལ་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྟག་ཞིབ་ཚོགས་ཆུང་གི་བརྟག་ཞིབ་སྙན་ཞུ་ཉན་པ་རེད།
ཚོགས་འདུའི་ཐོག་ད་དུང《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིའི་མིང་བསྒྱུར་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་གསལ་བཤད་ཀྱང་ཉན་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ས་ཁུལ(གྲོང་ཁྱེར)7གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བར《དབང་ཆ་ནན་ཏན་ངང་སྤྱད་ནས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ-བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མིའི་འགན་སྒྲུབ་ཉམས་འགྱུར་གྱི་ཟིན་ཐོ》ཞེས་པའི་དེབ་སྤྲད་དེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་པར་བྱས་རྗེས་ཧུར་ཐག་འཇོག་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ནས། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།