བོད་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཟླ་5ཚེས་27ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་5ཚེས་27ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཝང་ཅུན། ཚེ་རིང་ཕུན་ཚོགས། མོང་ཞའོ་ལིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་དུ་གཞི་ཚུགས་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་མཁན་ཡག་པོ་ཞིག་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་སྤྱོད་བཟང་ཞུན་བརྡར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ནས་མངོན་པར་བྱེད་པ་དང་རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ནས་མངོན་པར་བྱེད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱོད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་ཐུགས་ཁུར་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་ཁྲིད་སྟོན་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
མཐའ་ཚད་འཛིན་སེམས་བརྟན་པོ་བཙུགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “གཞི་རིམ་དུ་སླེབས་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བཅས་བྱས་ཏེ་ཁྲིམས་སྐྱོང་གི་སྤྱི་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་པ་ཡག་པོ་ཞིག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མུ་མཐུད་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“ཁྱབ་གདལ་དགུའི”ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས།
“ཞིང་གསུམ”ལས་དོན་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན་ཡག་པོ་ཞིག་བྱེད་དགོས། “མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། དབུལ་པོ་བསྐྱར་ལོག་འགོག་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ནགས་ལས་འཚམ་སར་ནགས་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར་བཅས་མཐའ་འཁྱོངས་བྱེད་པ། ཐོན་ལས་རིམ་སྤོར་གྱི་བྱ་སྤྱོད་ལག་བསྟར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་རྣམ་གྲངས་རྒྱུན་མཐུད་ངང་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཟུར་སྣོན་རིན་ཐང་འཕར་སྣོན། ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་པར་བྱེད་དགོས།
དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་དགོས་མཁོ་སྣ་ཚོགས་རྒྱུན་ཆད་མེད་པར་སྐོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ། བྱ་བ་སྒྲུབ་སྐབས་རྩ་དོན་དང་། ལམ་ལུགས། གོ་རིམ་བཅས་ལ་ནན་པོར་གཞིགས་པ། བྱས་རྗེས་དངོས་ལ་གཙིགས་ཆེན་དང་། སྐད་ཆ་དྲང་པོ་ཤོད་པ། དོན་དངོས་སྒྲུབ་པ། ཕན་འབྲས་དོན་གཉེར་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་སྡོད་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།
གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་སློབ་སྟོན་པ་ཡག་པོ་ཞིག་བྱེད་དགོས། གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་ལ་ཚད་ལྡན་དུ་གཏོང་བ། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ལ་རམ་འདེགས་བྱས་ནས་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་རོགས་བྱེད་པ། གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་ལ་མཐོང་ཆེན་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བྱེད་ཐབས་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་བསྡུ་ལེན་དང་གྲོང་སྡོད་ལས་དོན་བྱེད་ཐབས་འཚོལ་ཞིབ་དང་ལེགས་སུ་བཏང་ནས་ལས་བྱེད་པ་གྲོང་སྡོད་གནད་ལ་འཁེལ་ཚད་སྔར་བས་མཐོ་རུ་གཏོང་དགོས། ལག་ལེན་ལ་ཕྱོགས་པ་དང་འཐབ་ས་དང་པོར་ཕྱོགས་པའི་མི་སྤྱོད་སྟོན་ཕྱོགས་འཛུགས་པ་དང་། འཐབ་ཕྱོགས་དང་པོར་ཚོད་བགམ་ཐེག་པ་དང་། ལས་ཀའི་བྱས་རྗེས་མངོན་གསལ་དོད་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་གྲོང་སྡོད་ལས་བྱེད་པ་གོ་གནས་སྤོར་བར་མཐོང་ཆེན་བྱེད་པ། ལྟ་སྐུལ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་གྲོང་སྡོད་ལས་བྱེད་པས་འགན་འཁྲི་གཙང་སྒྲུབ་དང་ཐེག་པ་འཁུར་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་། ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ་མ་ཟད། སྤྱི་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་རེ་བ་བཏོན་གནང་བས་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། འགན་འཁྲི་དང་ལས་འགན་འཁུར་བ། རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་བཅས་བྱས་ཏེ་ལང་ཚོ་དང་། དུས་རབས། མི་དམངས་བཅས་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་འཇོག་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་དང་ཁག་བཅུ་གསུམ་པའི་འཐུས་མི་ཚོས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཚོགས་འདུ་བརྙན་ལམ་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འཐུས་མི་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།