བོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས།
ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་བཏང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཆུང་བདག་སྒྲོལ་དཀར།
ཟླ་5ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བར”དམིགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོས་ཐུགས་ཁུར་གནང་སྟེ། དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་འཐབ་འདོན་ཇུས་འབུལ་གནང་བ་དང་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཞིང་། སྐུ་ངོ་མས་ཇུས་འགོད་དང་སྐུ་ངོ་མས་བཀོད་སྒྲིག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་སྐོང་ཚོགས་གནང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་དང་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ནས་2023ལོའི་སྒོར་དུང་ཕྱུར་2400བར་འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་5.23ནས་སྒོར་ཁྲི་6བར་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ལྡན་ལེགས་ཆ་བཏོད་པ།
ཡན་ཅིན་ཧའེ་ཡིས་ངོ་སྤྲོད་གནང་དོན། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་གཏོང་བ། ས་མཐོའི་ཡང་བའི་བཟོ་ལས་སོགས་ཀྱི་ཐོན་ལས་སྐྱེད་སྲིང་གང་མགྱོགས་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བཞིན་ཡོད།
རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཐད། བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་རིག་གནས་ལས་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་སྤྲོ་གསེང་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་འགུག་བཞིན་ཡོད། 2023ལོར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་651ཟིན་པ་དེ་ཁག་སོ་སོར་83.7%དང་60%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐད། བོད་ཀྱིས་ཚན་རྩལ་གྱི་ནུས་པར་བརྟེན་ཏེ་ནས་དང་། འབྲི་གཡག ལུག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ནས་ཨང་3000སོགས་ཐོན་འབབ་མཐོ་བའི་ནས་སོན་གསར་པ་7དང་དེ་བཞིན་བལ་རྒྱུ་ཅུང་འཇམ་པའི་ལུག་དང་བོད་བྱ་དཀར་པོ་སོགས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པ་གསོ་ཚགས་བྱས་ཡོད།
མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིན་ཐང་དོན་གཉེར་མངོན་པ།
བོད་ཀྱིས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”རྒྱུན་མཐུད་ལག་ལེན་བསྟར་ནས་སློབ་གྲྭར་དྲོད་རླངས་ཁྲིད་པ་དང་། མཐའ་མཚམས་རྫོང་གྲོང་གི་ཤང་གྲོང་དུ་གསོ་རླུང་མཁོ་སྤྲོད། རྫོང་དང་ཆུས་ཀྱི་གཞུང་བཙུགས་སྨན་ཁང་དུ་དྲོད་རླངས་ཁྲིད་པ། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནམ་དུས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་དང་ཏན་ཏིག་བསྒྲུབས་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། སྡོད་ཁང་སོགས་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཡོད།
ཡན་ཅིན་ཧའེ་ཡིས་གསུངས་དོན། “མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། སྣུམ་སྒྲོན་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་གཞུང་ལམ་བར། སྦྲ་གུར་ནས་སོ་ཕག་གི་ཁང་པའི་བར་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ད་ཆ་བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་དྲོད་རླངས་ཁྲིད་ཡོད”
བོད་ཀྱི“འཐུང་ཆུ་དཀོན་པ”དང་། “གློག་མེད་པ”“འཕྲིན་གཏོང་མེད་པ” “སྡོད་ཁང་སྐྱོ་བ” “ཕྱུག་འགྱུར་དཀའ་བ”སོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། ས་འོག་ཏུ་ཆུ་འགྲོའི་མདོང་ལམ་འདིང་བ་སོགས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད། བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཆུ་ཀ་ལར་ནམ་དུས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། 2020ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་མཐའ་མ་ཡིན་པའི་མངའ་རིས་སུ་གློག་དྲ་ཆེན་པོ་ཤར་གཏོང་ཐུབ་སྟེ་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡོངས་ལ་གློག་དྲ་གཙོ་བོ་ཁྱབ་ཡོད། གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་ནས་རྫོང་དང་ཤང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་སྣུམ་ནག་ལམ་མམ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་1105ཟིན་ཏེ་ས་ཁུལ་དང་གྲོང་ཁྱེར་7ཁྲོད་ནས་5ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་དྲ་ཆེན་དང་4Gབརྡ་རྟགས་ཡོངས་སུ་ཁྱབ་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་41.32ཟིན་ཡོད། 2023ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་36.5%འཕར་ཡོད།
སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་དང“མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
མིག་སྔར། བོད་ཀྱི་སྲུང་སྐྱོང་ས་ཆའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་36%བཟུང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་50%ཡན་བཟུང་ཡོད། བོད་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་16.5%བཟུང་བ་དང་། རྩྭ་ཐང་གི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་30%བཟུང་བ། འཁྱགས་རོམ་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་41%བཟུང་བ། འདམ་རའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་18.3%བཟུང་བ། མཚེའུ་ཡི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་40%བཟུང་ཡོད། གཙོད་ཀྱི་གྲངས་འབོར་ཁྲི་30བར་མང་དུ་ཕྱིན་པ་དང་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཁྲི་1ལྷག་ཙམ་ཟིན་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱས་པ་བརྒྱུད་བོད་ཀྱི་མང་ཚོགས་འབོར་ཆེན་ཞིག་ལ་སྐྱེ་ཁམས་ཀྱི་ཡོང་འབབ་རག་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་220ལྷག་ཙམ་ལ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་དངུལ་ལེན་རྒྱུ་ཡོད། ལྗོངས་ཡོངས་སུ་ལོ་ལྟར་སྐྱེ་ཁམས་བདག་སྐྱོང་ཐད་ལས་གནས་ཁྲི་44ལྷག་ཙམ་བཀོད་སྒྲིག་བྱས་པར་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3500བྱུང་ཡོད།
ཡན་ཅིན་ཧའེ་ཡིས་བོད་ཀྱིས་ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ནུས་ལྡན་གྱི་མ་འཇོག་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། འཛད་སྤྱོད་ཀྱི་སྤུས་འདེགས་རིམ་སྤོར་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།