རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་དྲི་བ་དྲིས་ལན་གྱི་གནད་བསྡུས།
ཟླ་5ཚེས་23ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། སྨྱན་སྦྱོར་གྱི་གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་ཡོད།
ཟླ་5ཚེས་23ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ཉན་ཏུང་། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་དབང་ཞའོ་ཏུང་བཅས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ད་ཐེངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དྲི་བ་དྲིས་ལན་གྱི་ནང་དོན་གནད་བསྡུས་གཤམ་གསལ་ཏེ།
ཕེང་ཕའེ་གསར་འགྱུར་གྱི་གསར་འགོད་པ། ང་ཚོས་ཤེས་གསལ་ལྟར། བོད་ལ་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་བརྗོད་ཀྱི་ཡོད། རང་སྐྱོང་ལྗོངས་ཀྱིས“མཛེས་སྡུག་ལྡན་པའི་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བྱེད་ཐབས་གཙོ་བོ་དང་ལས་ཀའི་བསམ་ཕྱོགས་གང་ཡིན་ནམ།
དབང་ཞའོ་ཏུང་། ཚང་མས་ཤེས་གསལ་ལྟར། བོད་ཀྱི་ནམ་མཁའ་གཡའ་དག་ཅིང་ས་གཞི་སྔོ་བ་དང་ཆུ་མོ་དྭངས་ཤིང་ཡུལ་ལྗོངས་མཛེས་པོ་ཡོད་པས། འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་བརྗོད་ཀྱི་ཡོད་ལ། ཀུན་གྱིས་ཁས་ལེན་པའི་རི་སྔོན་ཆུ་དྭངས་དང་གསེར་རི་དངུལ་རི་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ནུས་རྒྱུ་གཙང་མ་དང་གྲངས་འཛིན་དཔལ་འབྱོར་སོགས་ལྗང་མདོག་ཐཱན་ཉུང་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ལྷག་པར་དུ་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་གདོད་མའི་རྣམ་པ་རང་སོའི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་དང་ཡིད་དབང་འགུག་ཤུགས་ཆེ་ཤོས་སུ་བརྩི་གི་ཡོད། 2023ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གནས་ཚུལ་ནས་བལྟས་ན། བོད་ཀྱི་དགུང་སྔོན་སྤྲིན་དཀར་ཉི་མ་དང་གངས་རི་མཚོ་མཚེའུ་ཡི་རྣམ་པ་གསར་པ་རྒྱ་ཆེའི་ཡུལ་སྐོར་བ་དེ་བས་མང་བའི་གདམ་གར་གྱུར་ཡོད། ལྗང་མདོག་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་པ་དང་དུས་མཚུངས། རང་སྐྱོང་ལྗོངས་ཀྱིས་ད་དུང་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་བཀོད་སྒྲིག་བྱས་པ་དང་ཞིང་པ་མང་ཚོགས་ཁྲི་220ལྷག་ཙམ་ལ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་དངུལ་ལེན་རྒྱུ་ཡོད་པས་བོད་མི་དམངས་ཀྱི“སྐྱེ་ཁམས་ཀྱི་ཡོང་འབབ”ཇེ་ལེགས་ཇེ་བཟང་དུ་འགྲོ་བཞིན་ཡོད།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འདུན་པ་གསར་པར་རྒྱང་ལྟ་བྱས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་བསྐྲུན་ནས“མཛེས་ལྔ་མཉམ་སྐྲུན”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ང་ཚོས་བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་པ་མངོན་པར་ཤུགས་སྣོན། ང་ཚོས་བོད་ཀྱི་ཁོར་ཡུག་སྤུས་ཚད་མཐོར་གཏོང་གི་མཛེས་པར་ཤུགས་སྣོན། ང་ཚོས་བོད་ཀྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་སྲུང་སྐྱོང་ལ་ཤུགས་སྣོན། ང་ཚོས་བོད་ཀྱི་སྐྱེ་ཁམས་ཞི་མཐུན་མཛེས་པ་སྲུང་སྐྱོང་ལ་ཤུགས་སྣོན། ང་ཚོས་བོད་ཀྱི་ཁྲིམས་བཟང་སྐྱོང་མཁས་འཛུགས་སྐྱོང་གི་མཛེས་པར་ཤུགས་སྣོན་བཅས་རྒྱག་རྒྱུ་མ་ཟད། ང་ཚོས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་བོད་ཀྱི་དཔེ་མཚོན་ཧུར་ཐག་གཏོད་རྒྱུ་ཡིན།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགོད་པ། ད་གིན་ཀྲུའུ་ཞི་ཡན་ཅིན་ཧའེ་ཁྱེད་ཉིད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་སོང་། ཁྱེད་ཀྱིས་དཔལ་འབྱོར་བརྟན་འཕར་དང་། འཛད་སྤྱོད་རྒྱ་སྐྱེད། སྒུལ་ནུས་ཆེར་གཏོང་སོགས་ཐད་འཚོལ་ཞིབ་དང་བྱེད་ཐབས་གང་དག་ཡོད་མེད་སྐོར་ཡང་བསྐྱར་ངོ་སྤྲོད་ཞིབ་ཕྲ་ཞིག་གནང་རོགས།
ཡན་ཅིན་ཧའེ། ད་གིན་ངོ་སྤྲོད་བྱས་པ་ལྟར། ན་ནིང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2400ལྷག་ཙམ་ཟིན་ནས་9.5%འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ན་ནིང་ལྗོངས་ཡོངས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར་3800ཟིན་ནས་མི་རེའི་ཆ་སྙོམས་ཀྱི་ནོར་ཤུགས་ཀྱང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འོན་ཀྱང་ན་ནིང་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་240ལས་ཟིན་གྱི་མེད་པས། མདོར་བསྡུས་ནས་བརྗོད་ན་བོད་ཀྱིས་སྒོར་1བེད་སྤྱོད་བྱས་ཚེ་སྒོར་ཟུར་9ལྷག་ཙམ་ཀྲུང་དབྱང་གིས་སྤྲོད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ང་ཚོས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་ཡར་བརྩོན་གྱིས་དཔལ་འབྱོར་བརྟན་འཕར་དང་། འཛད་སྤྱོད་རྒྱ་སྐྱེད། སྒུལ་ནུས་ཆེར་གཏོང་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་ཏན་ཏིག་བཏང་ཡོད།
གཅིག མ་འཇོག་ནི་སྔར་བཞིན་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྒུལ་ཤུགས་གཙོ་བོ”རེད། ང་ཚོས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་དང་། ཆེད་བསྐོས་ཚན་ཁག་གི་ཞབས་ཞུ། གསལ་ཐོ་ཅན་གྱི་བཀོད་གཏོང་། གཙོ་གནད་རྣམ་གྲངས་ལ་མཉམ་དུ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ། “ཐོགས་མེད་འགན་སྲུང་བགྲོད་ལམ”སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འབྲེལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གཙོ་གནད་རྣམ་གྲངས་ལ“ཁེ་ལས་ཀྱིས་གསལ་ཐོ་འདོན་པ་དང་། སྲིད་གཞུང་གིས་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ། དུས་བཀག་ནང་བསྒྲུབ་ཐུབ་པ”བཅས་ལག་བསྟར་བྱས་ཏེ། མ་འཇོག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། ན་ནིང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་800ལྷག་ཙམ་དོན་འཁྱོལ་བྱས་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་35%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་27.9%འཕར་ཡོད། དགའ་འོས་པ་ཞིག་ནི་དམངས་ཁྲོད་ཀྱི་མ་འཇོག་18.6%འཕར་ནས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
གཉིས། འཛད་སྤྱོད་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གྲུ་རྡོ”ལྟ་བུར་གྱུར་ཡོད། ང་ཚོས་“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་འཛད་སྤྱོད་སྒོར་དུང་ཕྱུར་32ལྷག་ཙམ་ཟིན་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། གུང་གསེང་གི་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་བཏང་བས་ན་ནིང་ལྷ་ས་གྲོང་ཁྱེར་ཀྲུང་གོའི་མཚན་མོའི་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁྱེར་བརྒྱ་ཡི་གྲས་སུ་བདམས་ཡོད། ན་ནིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་21%འཕར་ནས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདི་ལོའི་ལྔ་གཅིག་གུང་གསེང་གི་ཉིན་ལྔའི་རིང་ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་591བཙོངས་པར་དངུལ་འབོར་སྒོར་ཁྲི་8000ལྷག་ཙམ་ཟིན་ཡོད།
གསུམ། ཚོང་གཉེར་ཁོར་ཡུག་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ང་ཚོས“ཆུ་བཏང་སྟེ་ཉ་གསོ་བ་དང་ཆུ་མང་ཉ་མང”གི་ཁྲོམ་རའི་ཆོས་ཉིད་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་སྲིང་ལྷོད་མེད་ངང་ལེགས་སུ་བཏང་ཡོད། ཞིབ་མཆན་འགོད་པའི་དོན་ཚན་ཉུང་ཤོས་དང་། ཞིབ་མཆན་འགོད་པའི་དུས་ཚོད་ཐུང་ཤོས། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་ཤོས། ཞིབ་མཆན་འགོད་པའི་ཞབས་ཞུ་ཡག་ཤོས་བཅས་ཀྱི“བྱེད་ཐབས་བཞིའི”དམིགས་ཚད་དང་ཡང་ཡང་བསྡུར་བའི་བྱ་སྤྱོད་སྤེལ་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་གྱི་གྲངས་འབོར་དེ་སྔའི་347ནས་ད་ལྟའི་182བར་ཉུང་དུ་ཕྱིན་པ་དང་དྲ་ཐོག་ནས་གཉེར་ཚད་100%ཟིན་ཡོད། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་གྲངས་གཞི་ནས་སྒྲུབ་གཉེར་ཐུབ་ཀྱི་ཡོད། ང་ཚོས་ད་དུང་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ནས་ཁྲལ་རིན་གཉིས་གཅོག་སོགས་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་ནན་ཏན་བྱས་ཏེ། ཉེ་བའི་ལོ་གསུམ་རིང་། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་244ཆག་ཡང་དང་རྩ་ཆག་བཏང་ཡོད། བོད་ལྗོངས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་ནས་ཆང་ཐོན་སྐྱེད་ཁེ་ལས་ལ་མཚོན་ན། 2012ལོ་ནས་2023ལོ་བར། སྲིད་གཞུང་གི་ཆག་ཡང་ཁ་གསབ་ཕྱིར་ལོག་མ་དངུལ་ལོངས་སྤྱོད་ཐུབ་ཚད་སྒོར་དུང་ཕྱུར་1.06ཟིན་ཡོད། ན་ནིང་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་570དམིགས་སར་འབྱོར་བ་དང་འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་དུད་ཚང་ཁྲི་51ལས་བརྒལ་ནས་13.9%འཕར་ཡོད། གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་དོན་ནི་ང་ཚོས་ཚོང་གཉེར་ཁོར་ཡུག་ལེགས་སུ་དང་བཟང་སྒྲིག་ཤུགས་ཆེན་བྱས་པའི་འབྲས་བུ་རེད།
བཞི། སྒོ་དབྱེ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། ང་ཚོས་སྒོ་དབྱེ་མཉམ་ལས་ལ་བརྟེན་ནས“གྲོགས་ཚོགས”རྒྱ་ཆེར་གཏོང་བ་མཐའ་འཁྱོངས་བྱས་ཡོད། ན་ནིང་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ལྔ་པ་དང་། “ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་ཀྱི་གླེང་སྟེགས་སྐབས་དང་པོ། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་དང་པོ་བཅས་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་རྒྱལ་ཁབ་80ལྷག་ཙམ་ནས་ཡོང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་450ལྷག་ཙམ་གངས་ལྗོངས་ས་མཐོར་འཛོམས་ཏེ་མཉམ་ལས་ཀྱི་འདུན་པ་མཉམ་དུ་དོན་གཉེར་བྱས་ཡོད། ན་ནིང་བོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་175དང་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱས་ནས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་138.3%འཕར་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་28ཟིན་ནས་201.7%འཕར་ཡོད།
རྒྱ་བྱ་སྲུང་སྐར་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ། ང་ཚོས་བོད་ཀྱི་ས་མཐོའི་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ཁུངས་ལ་དོ་ཁུར་བྱེད་ཀྱི་ཡོད། ཁྱད་ལྡན་ཐོན་ཁུངས་དེ་དག་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་བའི་ཐད་གྲུབ་འབྲས་གང་དག་ཐོབ་ཡོད་དམ།
ཝང་ཉན་ཏུང་། བོད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་འབེལ་པོ་ཡོད། ད་གིན་ཀྲུའུ་ཞི་ཡན་ཅིན་ཧའེ་དང་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ་ཡིས་གསར་འགོད་པ་དང་སྤེལ་རེས་གནང་སྐབས། གནས་ཚུལ་དེ་དག་ངོ་སྤྲོད་གནང་སོང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན། སྤྱི་སྤྱོད་མཁའ་འགྲུལ་སོགས“ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་གཏོང་དགོས་ལུགས་བཏོན་ཡོད། ལོ་དེ་དག་རིང་འབད་བརྩོན་བྱས་པ་བརྒྱུད་གྲུབ་འབྲས་རགས་ཙམ་ཐོབ་ཡོད།
བོད་ལ་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཡོད། ང་ཚོས་ལོ་ལྟར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་འཇོག་བཅུ་ཆ་གསུམ་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་བཏང་བར་བརྟེན། བོད་དུ“ཁྱིམ་ཚང་ཀུན་གྱིས་སྣུམ་བཞུ་སྤོར་བ”ནས“ལྗང་མདོག་གློག་ས་མཐོ་ནས་ཕྱིར་གཏོང་བའི”ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། མིག་སྔར་བོད་ཀྱི་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2414ཟིན་པའི་ནང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་95%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང(ཆུས)74བར་སྣུར་སྲིང་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ང་ཚོས་ཚན་རྩལ་གྱི་ནུས་པར་བརྟེན་ཏེ་ནས་དང་། འབྲི་གཡག ལུག བོད་ཕག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བོད་ནས་ཨང་3000སོགས་ནས་ཀྱི་ཐོན་མཐོའི་སྣ་ཁ་གསར་པ་7དང་དེ་བཞིན་བལ་རྒྱུ་ཅུང་འཇམ་པའི་ལུག་དང་བོད་བྱ་དཀར་པོ་སོགས་སྒོ་ཕྱུགས་དང་ཁྱིམ་བྱ་སྣ་ཚོགས་གསོ་ཚགས་བྱས་ཡོད། 2023ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པའི་ནང་ནས་ཀྱི་ཐོན་ཚད་ཏུན་ཁྲི་84ལྷག་ཙམ་ཟིན་ནས་1.4%འཕར་ཡོད། ང་ཚོས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ན་ནིང་སྔོ་ཚལ་དྲོད་ཁང་ཆེ་མོའི་ཐོན་ཚད་ཏུན་ཁྲི་88ཟིན་ནས་8.4%འཕར་ཡོད། ང་ཚོས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང“བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོར་བཅུག་ཡོད། 《རྒྱུད་བཞི》ཡང《འཛམ་གླིང་དྲན་ཤེས་མིང་གཞུང》ནང་བཅུག་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་ཁེ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་31ཟིན་ནས་23.8%འཕར་ཡོད།
བོད་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ནས་ཕན་འབྲས་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། གོམ་སྟབས་རྗེས་མར་ང་ཚོས་མ་དངུལ་གཏོང་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་གཏོང་། སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན། ཁུལ་གནས་ཀྱི་ལེགས་ཆ་མངོན་པ། རྗེས་ཐོན་ཁྱད་ཡོན་ཡག་པོ་སྤྱོད་པ། དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་བཅས་བྱས་ཏེ་ལེགས་ཆ་ཁག་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་ཀྱི་ཡིན།
ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་བོད་ལ་དགེ་མཚན་ཆེ་བའི་རིགས་གང་དག་ཡོད་དམ། འབྱུང་འགྱུར་བསམ་གཞིག་དང་འཆར་གཞི་གང་དག་ཡོད་དམ།
ཡན་ཅིན་ཧའེ། བོད་ཀྱི་དགེ་མཚན་ཆེ་བའི་རིགས་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་བཀའ་མོལ་དུམ་བུ་དེ་ཏག་ཏག་མཐུན་ཡོད། 2021ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་སུའེ་ཏེ་རྫོང་ཧའོ་ཅ་ཆའོ་གྲོང་ཚོར་བརྟག་ཞིབ་གནང་སྐབས“རི་ཁུག་གྲོང་གསེབ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་དང་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་ན། སྲིད་ཇུས་ཡག་པོ་དང་། རང་ཉིད་ཀྱི་འབད་བརྩོན། གནམ་གཤིས་ཀྱི་རོགས་རམ་བཅས་ལ་བརྟེན་དགོས”ཞེས་གསུངས་གནང་ཡོད། གངས་ལྗོངས་ས་མཐོའི་བོད་ཉིད་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་རི་མཐོ་ལ་གྲོག་རོང་གཟར་བས་སྤྱི་ལེ་ངོས་གྲུ་རེར་མི་3ཡང་ཟིན་གྱི་མེད། མིག་སྔར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་སྲིད་ཇུས་ཡག་པོ་དང་། རང་ཉིད་ཀྱི་འབད་བརྩོན། གནམ་གཤིས་ཀྱི་རོགས་རམ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། དེའང་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་སྐྱོད་པའི“གྲུབ་འབྲས་ཀྱི་གསང་བའི་ཨང་ཡིག”ཅིག་ཀྱང་རེད།
མང་པོ་ཤོད་མི་དགོས་པར། ཆབ་སྲིད་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་ནི་སྨོས་མ་དགོས་པ་ཞིག་རེད། བོད་ཀྱི་ནུས་རྒྱུ་གཙང་མའི་ལེགས་ཆའི་ངོས་ནས་བརྗོད་ན། དང་ཐོག་བོད་ལྗོངས་ལྷ་སར“ཉི་འོད་ཀྱི་གྲོང་ཁྱེར”ཞེས་བརྗོད་ཀྱི་ཡོད། ལོ་ལྟར་ཉི་འོད་འཕྲོ་ཚད་ཆུ་ཚོད་3500ཟིན་པ་དང་བོད་ཀྱི་ཉི་ནུས་ལག་རྩལ་གྱིས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་98དང་། ཆུ་ནུས་ཐོན་ཁུངས་ཀྱིས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1.7 རླུང་ནུས་ཀྱིས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1.8བཅས་ཟིན་པའི་ནང་ས་འོག་ཚ་ནུས་དང་ཆུ་འཐེན་ནུས་གསོག་ཚུད་མེད། དེ་དག་བསྡོམས་ཚེ་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་100ལས་བརྒལ་བ་མ་ཟད། དེ་དག་ཚང་མ་ནི་ནུས་རྒྱུ་གཙང་མ་ཤ་སྟག་རེད། ང་ཚོའི་ཡུལ་སྐོར་ཐོན་ཁུངས་སྐོར་ད་གིན་ལས་རོགས་ཀྱིས་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་སོང་ལ། ད་དུང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱང་ཡོད། བོད་དུ་འདེབས་ཐུབ་པ་དང་གསོ་ཐུབ་པའི་དངོས་པོ་ནི་འཛམ་གླིང་ཐོག་སྤུས་ཚད་ཡག་ཤོས་ཀྱི་དངོས་པོ་རེད། དེ་དག་ཚང་མ་ང་ཚོའི་དགེ་མཚན་ཆེ་བའི་རིགས་ཡིན། ང་ཚོར་ད་དུང་མི་འབོར་གྱི་ལེགས་ཆ་ཡོད། ང་ཚོ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ནང་ནས་མི་འབོར་ཉུང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཡིན་པ་དང་ན་ནིང་མི་འབོར་ཁྲི་365ཟིན་ཡོད། མིག་སྔར་མི་འབོར་འཕར་ཚད་8.7‰ལྟར་བརྩིས་ན་2035ལོར་སླེབས་སྐབས་བོད་ཀྱི་སྤྱིའི་མི་འབོར་ཁྲི་420ལས་ཟིན་གྱི་མེད། ང་ཚོས་ལེགས་ཆའི་ཐོན་ཁུངས་གསར་སྤེལ་བྱས་པ་བརྒྱུད། 2035ལོར་སླེབས་སྐབས་མི་རེའི་ཆ་སྙོམས་ཡོང་འབབ་ཆུ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས་སྲིད། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བོད་མི་དམངས་ཀྱི་སྣེ་ཁྲིད་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་དང་ཆོད་སེམས་ཡོད།